སུད་སི་དང་རྒྱ་ནག་བར་གྱི་གསང་བའི་གྲོས་མཐུན་བསྐྱར་གསོ་འགོག་ཐབས་ཀྱི་ཞུ་གཏུག

2020-08-27
གློག་འཕྲིན།
མཆན།
Share
པར་བཀོད།
སུད་སི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྐབས། ༼ཟླ་ཚེས་མི་གསལ
སུད་སི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྐབས། ༼ཟླ་ཚེས་མི་གསལ
Keystone / Salvatore Di Nolfi

སུད་སི་གཞུང་གིས་དེ་སྔ་རྒྱ་ནག་གཞུང་དང་མཉམ་གསང་བའི་གྲོས་མཐུན་བཞག་ཡོད་པ་དེ་དག་བསྐྱར་གསོ་བྱེད་དགོས་མིན་ཐད་བསམ་ཞིབ་གནང་བཞིན་ཡོད་པ་འགོག་ཐབས་སུ། སུད་སིར་བཅའ་བཞུགས་ཡོ་རོབ་ཁུལ་གྱི་བོད་མི་མང་སྤྱི་འཐུས་རྣམ་གཉིས་ཀྱིས་འབྲེལ་ཡོད་ལ་ཞུ་གཏུག་གནང་རྒྱུ་ཡིན་པ་རེད་འདུག
སུད་སི་གསར་ལས་ཁང་གིས་གནས་ཚུལ་ནང་གསལ་ལྟར་ན། དེ་སྔ་སྤྱི་ལོ་༢༠༡༥་ལོར་སུད་སི་དང་རྒྱ་ནག་བར་གསང་བའི་གྲོས་མཐུན་ཞིག་བཞག་ཡོད་པའི་ནང་། སུད་སི་ནང་ཁྲིམས་འགལ་གྱིས་གནས་སྡོད་བྱེད་མཁན་རྒྱ་རིགས་རྣམས་ལ་རྒྱ་ནག་གི་གཞུང་འབྲེལ་མི་སྣས་འདྲི་རྩད་ཆེད། སུད་སི་ནང་འགྲོ་བསྐྱོད་ཀྱི་ཐོབ་ཐང་སྤྲད་ཡོད་ཅིང་། གསང་བའི་གྲོས་མཐུན་དེ་མང་ཚོགས་ཁྲོད་གསལ་བསྒྲགས་རྩ་བ་ནས་བྱས་མེད་ཀྱང་། ད་ཆ་ཕྱི་ཟླ་༡༢་པའི་ནང་གྲོས་མཐུན་གྱི་ལོ་དུས་ཚང་ལ་ཉེ་བར་བརྟེན་རྒྱལ་ཁབ་གཉིས་བར་གྲོས་མཐུན་བསྐྱར་གསོའི་གྲོས་མོལ་འགྲོ་བཞིན་ཡོད་པ་རེད། སུད་སི་ཕྱི་མི་གཞིས་སྤོས་ལས་ཁུངས་ཀྱི་གཞུང་འབྲེལ་མི་སྣས་གོང་གསལ་གསར་ཤོག་ལ་བརྗོད་དོན་དུ། གོང་བརྗོད་གསང་བའི་གྲོས་མཐུན་བསྐྱར་གསོའི་གནད་དོན་དང་འབྲེལ་དེ་སུད་སི་དང་རྒྱ་ནག་གི་འབྲེལ་ཡོད་མི་སྣའི་བར་འབྲེལ་གཏུགས་བྱ་མུས་ཡིན་ཞིང་། དེ་སྔ་༢༠༡༥་ལོར་གཏན་འབེབས་བྱས་པའི་གྲོས་མཐུན་དེ་གཞུང་འབྲེལ་གྱི་ཐོག་ནས་གསལ་བསྒྲགས་བྱས་མེད་པ་ནི། གནད་དོན་དེ་བཞིན་འཛིན་སྐྱོང་གི་གནད་དོན་ཁོ་ན་ཞིག་ལས་སྲིད་ཇུས་དང་འབྲེལ་བ་མེད་པའི་རྒྱུ་མཚན་ལ་ཐུག་ཡོད་པ་བརྗོད་འདུག གང་ལྟར་ཡང་། སུད་སི་གཞུང་གིས་རྒྱ་ནག་གཞུང་དང་གསང་བའི་གྲོས་མཐུན་གཏན་འབེབས་བྱས་པའི་ནང་། སུད་སི་རྒྱལ་ཁབ་དུ་ཁྲིམས་འགལ་གྱི་འཛུལ་ཞུགས་བྱས་པའམ་གཞུང་འབྲེལ་ཡིག་ཆ་མེད་པར་གནས་སྡོད་བྱ་མཁན་རྒྱ་མི་རིགས་ཚོར། རྒྱ་ནག་གི་གཞུང་འབྲེལ་མི་སྣས་འདྲི་རྩད་ཆེད་བདུན་ཕྲག་གཉིས་རིང་སུད་སི་ནང་གཞུང་འབྲེལ་གསལ་བསྒྲགས་གང་ཡང་བྱེད་མི་དགོས་པར་ཡོང་ཆོག་པ་དང་། རྒྱ་ནག་གི་གཞུང་འབྲེལ་མི་སྣས་འདྲི་རྩད་བྱས་པའི་རྗེས་སུ། སུད་སི་ནང་ཁྲིམས་འགལ་གྱིས་བཀབ་ཡིབ་གནས་སྡོད་བྱེད་བཞིན་ཡོད་པ་ར་སྤྲོད་བྱུང་ཚེ།  སུད་སི་གཞུང་གིས་རྒྱ་རིགས་དེ་དག་རྒྱ་ནག་ལ་ཕྱིར་ལོག་རྩིས་སྤྲོད་བྱ་རྒྱུ་བཅས་འཁོད་ཡོད་འདུག
དེ་འདྲའི་གནས་སྟངས་ཀྱི་དཀའ་ངལ་དེའི་ནང་ཆབ་སྲིད་སྐྱབས་བཅོལ་ཞུ་མཁན་དང་། ལུགས་མཐུན་གྱི་ཡིག་ཆ་མེད་པར་སུད་སི་ནང་འཛུལ་ཞུགས་བྱ་མཁན། གཞན་ཡང་ངོ་སྤྲོད་ལག་འཁྱེར་མེད་པའི་མི་སྣ་བཅས་ཚུད་ཀྱི་ཡོད་པ་རེད། སུད་སི་གཞུང་ནས་རྒྱ་ནག་དང་མཉམ་མི་སྣ་རྩིས་སྤྲོད་དང་འདྲི་རྩད་ལ་སོགས་པའི་གསང་བའི་གྲོས་མཐུན་བཞག་ཡོད་པ་དེར་སུད་སི་ནང་གི་ཆབ་སྲིད་མི་སྣ་དང་། ལྷག་པར་དུ་གཡས་ཕྱོགས་ལྟ་བ་འཛིན་པའི་ཤོག་ཁག་ཚོས་སྐྱོན་བརྗོད་དྲག་པོ་བྱེད་བཞིན་འདུག་ལ། གྲོས་ཚོགས་ནང་སྤྱི་ཚོགས་དམངས་གཙོ་རིང་ལུགས་ཚོགས་པའི་འཐུས་མི་སྐུ་ཞབས་(Fabian Molina)་ལགས་ཀྱིས། རྒྱ་ནག་ལ་བསྟུན་མཁས་ཆེད་དུ་རྒྱ་རིགས་ཚོའི་ཐོག་རྒྱ་ནག་ནས་འདྲི་རྩད་དང་ཞིབ་བཤེར་བྱེད་ཆོག་པའི་གྲོས་མཐུན་དེ་ནམ་ཡང་ངོས་ལེན་བྱ་ཐབས་བྲལ་བ་ཞིག་དང་། གྲོས་མཐུན་དེ་བསྐྱར་གསོ་བྱས་ན་འགྲིག་ཐབས་མེད་པའི་སྐོར་སྐྱོན་བརྗོད་གནང་ཡོད་པ་མ་ཟད། རེས་གཟའ་ཕུར་བུའི་ཉིན་གནད་དོན་འདི་གྲོས་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་ནང་གླེང་སློང་གནང་རྒྱུ་ཡིན་པ་གསུངས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནད་དོན་དེའི་ཐད་ཡོ་རོབ་ཁུལ་གྱི་བོད་མི་མང་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་སུ་གནས་འདྲི་ཞུས་སྐབས། ཁོང་གིས། མངོན་གསལ་མ་ཡིན་པའི་གསང་བའི་གྲོས་མཐུན་དེ་རྒྱ་ནག་དང་སུད་སི་བར་༢༠༠༧་ལོ་ནས་སྐད་ཆ་བྱུང་བ་དང་། ༢༠༡༥་ལོར་སུད་སི་ཕྱི་མི་སྐྱབས་བཅོལ་ལས་ཁུངས་དང་རྒྱ་ནག་གི་བདེ་འཇགས་སྒྲིག་འཛུགས་གཉིས་བར་གྲོས་མཐུན་དེ་བཞག་པ་རེད། སྤྱིར་བཏང་ཁོང་ཚོའི་གསལ་བསྒྲགས་དེའི་ནང་བོད་པ་དང་ཡུ་གུར་མི་རིགས་ཚོ་གྲོས་མཐུན་དེ་དང་འབྲེལ་བ་མེད་ཚུལ་འཁོད་ཡོད་པ་རེད། ཡིན་ན་ཡང་དེའི་ཐད་དྲི་བ་དང་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོང་བཞིན་པ་དང་། ད་ལྟ་གྲོས་ཚོགས་ནང་གླེང་སློང་ཡོང་གི་རེད། དེ་བས་ང་ཚོའི་བོད་མི་ཚོར་གནད་དོན་དེ་རང་བཞིན་གྱིས་འབྲེལ་བ་ཆགས་ཡོད་དུས་ས་གནས་བོད་མི་དང་བོད་མིའི་ཚོགས་པ་ཚོས་སུད་སི་གཞུང་ལ་ཞུ་གཏུག་དང་སྙན་ཞུ་རྒྱག་རྒྱུ་གལ་ཆེན་པོ་རེད་ལ་ཁོང་དང་ས་གནས་ཀྱི་ཕྱག་རོགས་བོད་མི་མང་སྤྱི་འཐུས་རྣམ་གཉིས་ཀྱིས་གནས་ཚུལ་ཁ་གསལ་རྩད་གཅོད་དང་མཉམ་འབྲེལ་ཡོད་ལ་ཞུ་གཏུག་གནང་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་ངོ་སྤྲོད་གནང་བྱུང་།

མཆན། (0)
Share
དྲ་གནས་ཆ་ཚང༌།