ཏཱ་ལའི་བླ་མའི་གཙུག་ལག་སློབ་གཉེར་བའི་སློབ་ཡོན།

2020-03-21
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གཙུག་ལག་ཁང་དུ། ༢༠༡༩
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གཙུག་ལག་ཁང་དུ། ༢༠༡༩
OHHDL

ཟླ་བ་འདིའི་ཚེས་༢༠རེས་གཟའ་པ་སངས་ཉིན་སུད་སི་རྒྱལ་ཁབ་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ནས་“ཏཱ་ལའི་བླ་མའི་གཙུག་ལག་སློབ་གཉེར་བའི་སློབ་ཡོན་”ཞེས་རིང་མིན་སྤྱི་ལོ་༢༠༢༠་ནས་༢༠༢༡་བར་ཨོ་སི་ཏྲོ་ལི་ཡ་དང་ཡུ་རོབ། དེ་བཞིན་ཨ་མི་རི་ཀ་བཅས་ཀྱི་རྒྱལ་ཁབ་ནང་གཙུག་ལག་རབ་འབྱམས་པ་དང་འབུམ་རམས་པའི་སློབ་གཉེར་བ་བོད་རིགས་སློབ་ཕྲུག་བཅུ་ནས་བཅོ་བརྒྱད་བར་ལ་སློབ་ཡོན་རོགས་རམ་གནང་རྒྱུའི་གསལ་བསྒྲགས་གནང་འདུག་པ་དང་། སློབ་གཉེར་བ་རེ་ལ་མང་ཤོས་སློབ་ཡོན་ཨ་སྒོར་ཁྲི་གཅིག་རེ་འཐོབ་རྒྱུ་ཡིན་འདུག

ཐེངས་འདིའི་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩའི་སློབ་ཡོན་ལས་གཞི་དེ་ཐེངས་༩ པ་དེ་ཆགས་ཀྱི་ཡོད་འདུག་པ་དང་། སུད་སི་ནང་གནས་སྡོད་དགེ་རྩ་ཁང་དེ་ཉིད་ཀྱི་དྲུང་ཆེ་བསྟན་འཛིན་དམ་ཆོས་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ་གསུངས་ན། ཏཱ་ལའི་བླ་མའི་གཙུག་ལག་སློབ་གཉེར་བའི་སློབ་ཡོན་གྱི་ལས་གཞི་དེའི་དམིགས་ཡུལ་གཙོ་བོ་ཞིག་ནི། བོད་རིགས་སློབ་ཕྲུག་ཚོ་རྒྱལ་ཁབ་འདྲ་མིན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་གནང་སྟེ། བོད་མིའི་སྤྱི་ཚོགས་དང་ལྷག་པར་དུ་འགྲོ་བ་མིའི་བདེ་རྩར་ཕན་པའི་ལེགས་སྐྱེས་འབུལ་རྒྱུའི་ཆེད་ཡིན་པ་འགྲེལ་བརྗོད་གནང་གི་འདུག

སྤྱིར་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ཡི་སློབ་ཡོན་ལས་གཞི་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིར་ཕན་ཐོགས་མཛད་རྒྱུའི་རླབས་ཆེན་དགོངས་གཞིའི་ཆ་ཤས་བསྒྲུབ་པའི་ཆེད་སྤྱི་ལོ་༢༠༡༡ལོ་ནས་འགོ་འཛུགས་གནང་ཏེ་ད་བར་བོད་རིགས་སློབ་གཉེར་བ་གྲངས་༡༥༠ཙམ་ལ་ཨ་སྒོར་ས་ཡ་གཉིས་སྐོར་ཞིག་སློབ་ཡོན་གནང་ཡོད་འདུག་ཅིང་། ད་བར་སློབ་ཡོན་ཐོབ་པའི་བོད་རིགས་སློབ་མ་རྣམས་ད་སྐབས་ཨ་རི་དང་། ཁེ་ན་ཌ། ཕྷི་རན་སི། ཇར་མ་ནི་སོགས་ཀྱི་གཙུག་ལས་སློབ་ཆེན་ནང་དུ་ཕྲ་བའི་གློག་རྡུལ་མ་ལག་དང་། ཁྲིམས། ཚོང་ལས་འཛིན་སྐྱོང་དང། ཀམ་པུ་ཊར་ཚན་རིག རྒྱལ་སྤྱིའི་གནད་དོན། འཕྲུལ་ལས་རིག་པ། དཔལ་འབྱོར་རིག་པ་བཅས་སོ་སོར་རིགས་གཅིག་རྐང་འཛིན་གྱི་ཆེད་ལས་མཁས་པར་གྱུར་ཡོད་པ་གོང་ཞུས་གསལ་བསྒྲགས་དེའི་ནང་འཁོད་འདུག

ཡང་གོང་ཞུས་ཏཱ་ལའི་བླ་མའི་གཙུག་སློབ་གཉེར་བའི་སློབ་ཡོན་གྱི་ལས་གཞི་འདི་དེ་སྔ་ཨ་རིའི་ཏཱ་ལའི་བླ་མའི་དགེ་རྩ་ཡིས་ཐུགས་འགན་བཞེས་ཀྱི་ཡོད་ཀྱང་། འདི་ལོ་ཕྱི་ལོ་༢༠༢༠ ལོ་ནས་བཟུང་ལས་གཞི་དེ་དག་སུད་སིར་ཡོད་པའི་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ནས་འཛིན་སྐྱོང་གནང་འགོ་འཛུགས་ཡོད་པ་དྲུང་ཆེ་བསྟན་འཛིན་དམ་ཆོས་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་རེད།

གཞན་ཡང་འབྲེལ་ཡོད་སློབ་གཉེར་བ་སོ་སོའི་གོང་ཞུས་སློབ་ཡོན་དེ་ཞུ་འདོད་ཡོད་ཚེ། ངེས་པར་དུ་བོད་རིགས་ཡིན་པ་གསལ་སྟོན་གནང་དགོས་པ་དང་།

གཞན་དགོས་ངེས་ཆ་རྐྱེན་ཚང་རིགས་ནས་སྤྱི་ལོ་༢༠༢༠ ལོའི་སྤྱི་ཟླ་༤པའི་ཚེས་༣༠ འགྱངས་མེད་www.dalailamafoundation.ch དྲ་ཐོག་བརྒྱུད་འཚང་སྙན་འབུལ་ཟིན་དགོས་པ་དང་། འདེམས་སྒྲུག་བྱུང་བའི་སློབ་མ་རྣམས་Skype དྲ་ལམ་དང་ཡང་ན་ཁ་པར་བརྒྱུད་བཅར་འདྲི་ཞུ་རྒྱུ་ཡིན་འདུག་པ་མ་ཟད། མཐའ་མའི་གྲུབ་འབྲས་དེ་ཡང་༢༠༢༠ལོའི་སྤྱི་ཟླ་༧པའི་ནང་ཕྱིར་བསྒྲགས་གནང་འཆར་ཡོད་པ་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།