རྒྱ་ནག་གཞུང་གིས་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པར་ཨ་རིས་སྐྱོན་བརྗོད།

2020-04-28
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྙན་ཐོའི་ནང་། ༢༠༢༠།༤
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྙན་ཐོའི་ནང་། ༢༠༢༠།༤
uscirf

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྙན་ཐོ་གསར་བའི་ནང་རྒྱ་ནག་གཞུང་གིས་རྒྱལ་ནང་གི་ཆོས་དད་རང་དབང་རྡོག་རོལ་བཏང་ནས་རྒྱལ་སྤྱིའི་ཁྲོད་ཤུགས་རྐྱེན་ངན་པ་ཐེབས་བཞིན་པའི་སྐྱོན་བརྗོད་བྱས་འདུག
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ནང་བསམ་བློའི་རང་དབང་མེད་པའི་བཙོན་པ་ཁག་ཅིག་གི་མིང་འདྲ་པར་བཅས་བཏོན་པའི་ནང་རྒྱ་ནག་གཞུང་གིས་དགུང་ལོ་དྲུག་གི་ཐོག་བཙན་ཁྲིད་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་པའི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་པར་དང་མཚན་དམིགས་སུ་བཀར་ནས་བཏོན་འདུག
སྤྱི་ཟླ་བཞི་བའི་ཚེས་༢༨་ཉིན། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་བཏོན་པའི་༢༠༢༠་ལོའི་སྙན་ཐོའི་ནང་། རྒྱ་ནག་གཞུང་གི་དྲག་རྩུབ་ཀྱི་བྱ་སྤྱོད་ཀྱིས་རྒྱ་ནག་ནང་གི་དགོན་སྡེ་དང་ཆོས་ལུགས་ཀྱི་ཚོགས་པ་ཁག་གི་ཆོས་དད་རང་དབང་ལ་གནོད་འཚེ་ཕོག་ཡོད་པ་མ་ཟད། རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་སྟངས་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཐད་བརྩི་མེད་རྡོག་རོལ་གཏོང་མཁན་ཚོར་སྐྱོན་བརྗོད་བྱེད་དགོས་པའི་གྲོས་ཆོད་བཞག་པར་རྒྱ་ནག་གི་གཞུང་འཛིན་པ་ཚོས་ངོ་རྒོལ་བྱས་པ་དང་ཕྱོགས་མཚུངས། དཔལ་འབྱོར་འཕེལ་རྒྱས་ཀྱིས་མི་སྒེར་སོ་སོའི་ཐོབ་ཐང་ཡར་རྒྱས་ཡོང་བར་ཕན་ཐོགས་ཡོད་ཚུལ་བརྗོད་ནས་མུ་མཐུད་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལམ་ལུགས་ལ་སྣང་ཆུང་གཏོང་གི་ཡོད་ཅེས་བཀོད་འདུག
རྒྱ་ནག་གི་བྱ་སྤྱོད་ཐད་དཔེ་མཚོན་ཁག་ཅིག་བཏོན་པའི་ནང་། སྤྱི་ལོ་༢༠༡༩་ལོའི་ཟླ་བཅུ་བའི་ནང་། རྒྱ་ནག་དང་བལ་ཡུལ་གཞུང་བར་གསང་བའི་གན་རྒྱ་བཞག་ནས་ཕྱོགས་གཉིས་ཀྱི་རྒྱལ་ཁབ་ནང་ཁྲིམས་འགལ་སྒོ་ནས་འཛུལ་བཞུགས་བྱེད་མཁན་རིགས་རྩིས་སྤྲོད་བྱེད་རེས་དགོས་པ་བརྗོད་ཡོད་པ་རེད། བོད་དོན་ལས་འགུལ་བ་ཚོས་གན་རྒྱ་དེ་གཙོ་བོ་བོད་ནས་ནས་བྲོལ་བྱོལ་བྱེད་མཁན་བོད་མི་ཚོར་ཆེད་དུ་དམིགས་པ་ཡིན་པའི་སེམས་ཚབས་བྱེད་ཀྱི་ཡོད།
གཞན་ཡང་སྤྱི་ཟླ་བདུན་པའི་ནང་། བལ་ཡུལ་གཞུང་གིས་རྒྱལ་ནང་གི་བོད་མི་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དགུང་གྲངས་༨༤་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་བཀག་སྡོམ་བྱས་པའི་གནས་ཚུལ་བྱུང་ཡོད།
ད་དུང་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་ཐབས་ཇུས་ལྡན་པའི་སྒོ་ནས་བཙན་ཤེད་ཀྱི་སྲིད་བྱུས་བེད་སྤྱོད་ཀྱིས། བོད་ཀྱི་དགོན་སྡེ་ཁག་ལ་དྲག་གནོན་བྱེད་བཞིན་པའི་གནས་ཚུལ་བརྗོད་པའི་ནང་། སྤྱི་ལོ་༢༠༡༩་ལོའི་ནང་བླ་རུང་སྒར་གྱི་གྲྭ་བཙུན་སྟོང་ཕྲག་མང་པོའི་གྲྭ་ཤག་གཏོར་བཤིག་དང་། གྲྭ་བཙུན་དྲུག་སྟོང་ཙམ་དགོན་པ་ནས་ཕྱིར་ཕུད། དེ་མིན་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་གཤོམ་དང་དང་ཉར་ཚགས་བྱེད་མཁན་རིགས་ལ་དྲག་གནོན་བྱེད་ཤུགས་ཇེ་ཆེར་བཏང་བ། གནས་སྟངས་དེའི་འོག་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་དེ་དག་ལ་མ་བཟོད་པར་སྤྱི་ལོ་༢༠༠༩་ལོ་ནས་ད་ལྟའི་བར་དུ་བོད་མི་༡༥༦་ཙམ་གྱིས་རང་ལུས་མེར་སྲེག་བྱས་ཡོད་པ་སོགས་བཀོད་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་(Sam Brownback)་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གསུང་དོན། འཕྲུལ་ཆས་ཀྱི་ཐོག་ནས་དམ་དྲག་བྱེད་པ་ནི་འཆར་གཞི་དང་ལྡན་པའི་དམ་དྲག་རེད། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་(Chen Quan Guo)་ཡིས་དེ་སྔ་བོད་དང་ད་ལྟ་ཤིན་ཅིང་ནང་ལག་བསྟར་བྱེད་བཞིན་པའི་ཐབས་ལམ་ཞིག་རེད་ཅེས་དང་། ད་ལྟ་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་བྱེད་ཐབས་དེ་ཚོ་མཚམས་འཇོག་བྱེད་རྒྱུའི་དུས་སུ་སླེབས་པ་དང་། འདིའི་ཐད་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་མཉམ་དུ་གོ་ལའི་སྲིད་བྱུས་ཀྱི་ཐོག་ནས་སྟངས་འཛིན་བྱེད་པའི་དུས་ལ་བབ་པ་རེད་ཅེས་སྙན་ཐོའི་ནང་བཏོན་པ་དེར་ངོས་ལེན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་ཁོང་གིས། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅིང་ནང་འཆར་གཞི་ལྡན་པའི་སྒོ་ནས་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་ཤུགས་ཆེ་རུ་བཏང་ཡོད་པར་སྐྱོན་བརྗོད་གནང་བ་དང་། རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ལ་མུ་མཐུད་དུ་བརྩི་བཀུར་མ་བྱས་ན། ༢༠༢༢་ལོའི་ཨོ་ལོམ་པིག་རྩེད་འགྲན་གོ་སྒྲིག་བྱེད་འཇུག་རྒྱུར་མི་འདོད་པའི་རྣམ་འགྱུར་སྟོན་རྒྱུ་དང་། གལ་ཏེ་ཚོགས་པའི་དབང་དུ་བཏང་ཡང་ཨ་མི་རི་ཀ་འཛུལ་ཞུགས་མི་བྱེད་པར་ངོ་རྒོལ་བྱེད་རྒྱུ་ཡིན་པ་ཡོངས་ཁྱབ་དྲིལ་བསྒྲགས་བྱེད་དགོས་པ་སོགས་གསུང་བྱུང་།

མཆན། (0)
Share
དྲ་གནས་ཆ་ཚང༌།