༧གོང་ས་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་བོད་མི་ཁོར་ནར་ཡོད་པ་དེ་རྒྱ་ནག་གིས་སྲུང་བརྩི་ཞུ་དགོས།

2020-11-13
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་Mike Pompeo།
ཨ་རིའི་ཕྱི་སྲིད་དྲུང་ཆེ་Mike Pompeo།
ཨེ་ཨེཕ་པི།

བོད་མིའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་རྒྱ་ནག་གཞུང་གིས་ཐེ་ཇུས་མེད་པར་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་དང་ཡིད་ཆེས་ལྟར་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་བོད་མི་ཁོ་ནར་ཡོད་པ་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གིས་ངེས་པར་སྲུང་བརྩི་ཞུ་དགོས་པ་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་ཐོག་སྐུལ་ལྕགས་གནང་དང་གནང་མུས་ཡིན་པ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཕྱི་ཟླ་ ༡༡ ཚེས་ ༡༣ ཉིན། ཨ་མི་རི་ཀའི་གཞུང་གིས་ཆོས་དད་རང་དབང་དང་ཆོས་ལ་དད་པ་བྱེད་ཆོག་པའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུ་དེ་ཨང་དང་པོར་ངོས་འཛིན་དང་། ལྷག་པར་དུ་རྒྱ་ནག་ལྟ་བུའི་རྒྱལ་ཁབ་ནང་ཆོས་ལུགས་ཚང་མའི་ཐོག་དམ་དྲག་དང་དབྱེ་འབྱེད་ཡོད་བཞིན་པ་དེ་ཚོ་འགོག་ཐབས་གནང་གི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡིག་ཐོག་གི་དྲི་བར་ལན་འདེབས་གནང་པའི་ནང་གསུངས་ཡོད་ལ། ལྷག་པར་དུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་བླ་སྤྲུལ་ཁག་ངོས་འཛིན་གྱི་གནད་དོན་དང་། ཁོང་ཚོར་དད་གུས། དེ་བཞིན་ཁོང་རྣམ་པའི་ནང་ཆོས་སློབ་གཉེར་སོགས་ཀྱི་ཐད་ཐེ་ཇུས་བྱེད་ཀྱི་ཡོད་པར་ཨ་མི་རི་ཀའི་གཞུང་གིས་བློ་འཚབ་ཆེན་པོ་གནང་གི་ཡོད་པ་གསུངས་པ་དང་སྦྲགས།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ལ་ཐེ་གཏོགས་རྩ་བ་ནས་མེད་པ་གསལ་བཏོན་གནང་ཡོད་པ་རེད།
ད་དུང་ཨ་རིའི་ངོས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་།བོད་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་།་ཆོས་ལུགས། བོད་མིའི་ངོ་བོ་བཅས་སྲུང་སྐྱོབ་དང་རྒྱུན་གནས་ཀྱི་ཆེད་དུ་མུ་མཐུད་ནས་ཕྱག་ལས་གནང་གི་ཡོད་པ་དང་། དེ་བཞིན་ཨ་རིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་སྤྲོད་དགོས་པའི་སྐོར་མུ་མཐུད་འབོད་སྐུལ་གནང་བཞིན་ཡོད་པ་གསུངས་འདུག  ཡང་ཨ་རིའི་ངོས་ནས་ད་ལྟ་དང་མ་འོངས་པར་མུ་མཐུད་ནས་རྒྱ་ནག་གཞུང་ལ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བམ་ཡང་ན་༧གོང་ས་མཆོག་གི་ལྷན་དུ་གྲོས་མོལ་བསྐྱར་གསོ་ཞུ་དགོས་པའི་སྐུལ་ལྕགས་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
དེ་བཞིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་པའི་སྤྱི་ཚོགས་ལ་གལ་ཆེ་ཡིན་པའི་གནད་དོན་ཚང་མ་མཁྱེན་པའི་ཐོག་ནས་ཕྱི་སྲིད་ལྷན་ཁང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་Destroམཆོག་ནས་ཀྱང་ཕྱི་སྲིད་ལྷན་ཁང་གི་འབྲེལ་ཡོད་ལས་ཁུང་ཁག་དང་དེ་མིན་གྱི་ཨ་རིའི་འབྲེལ་ཡོད་ལས་ཁང་ཚོ་དང་ལྷན་དུ་ལས་དོན་དམ་གཟབ་གནང་སྟེ། བོད་ཀྱི་གནད་དོན་གལ་ཆེ་ཁག་ཚང་མའི་ཐོག་ལ་མུ་མཐུད་ནས་ཕྱག་ལས་གནང་རྒྱུའི་ཐུགས་འགན་བཞེས་རྒྱུ་ཡིན་སྐོར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབས་པས་གསུངས་འདུག་ལ།  ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་ནས་ལོ་ལྟར་བོད་ནང་གཟིགས་སྐོར་དུ་ཕེབས་རྒྱུའི་འབད་བརྩོན་རིམ་པ་གནང་བ་དང་། ས་གནས་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་ཕྱི་སྲིད་ལྷན་ཁང་གི་སེམས་འཚབ་གནང་ཡུལ་བོད་ཀྱི་གནད་དོན་ཐོག་གོ་བསྡུར་གནང་གི་ཡོད་པ་མ་ཟད།མུ་མཐུད་ནས་རྒྱ་ནག་གཞུང་གི་དཔོན་རིགས་དང་ལྷན་དུ་བོད་ཀྱི་གནད་དོན་གལ་ཆེ་དེ་དག་ཐོག་བཀའ་མོལ་གནང་རྒྱུའི་གོ་སྐབས་འཚོལ་ཐབས་གནང་རྒྱུའི་ཞལ་བཞེས་ཀྱང་གནང་འདུག
ཨ་རིའི་ངོས་ནས་དུས་རྟག་ཏུ་མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་ལྷན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་སྐོར་གླེང་སློང་གནང་རྒྱུ་དང། ཨ་རིའི་ངོས་ནས་བོད་ནང་གསར་འགོད་པ་དང་།གཞུང་འབྲེལ་མ་ཡིན་པའི་ཚོགས་པ། འགྲོ་བ་མིའི་བདེ་དོན་ཚོགས་པ་ཁག་རང་དབང་གི་སྒོ་ནས་བསྐྱོད་ཐུབ་ཐབས་ཀྱི་འབད་བརྩོན་དང་རྩོད་ལེན་གནང་རྒྱུ་ཡིན་པའི་ཁར།བོད་ནང་བོད་མིའི་ཚོའི་ཐོབ་ཐང་ལ་མཐའ་ཅིག་ཏུ་རྒྱབ་སྐྱོར་དང་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་རྒྱ་ནག་གི་བྱ་སྤྱོད་ཁག་ལ་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།