རྒྱ་ནག་གིས་བོད་ནང་འགྲོ་འོང་ཐད་འགོག་རྐྱེན་བཟོ་བཞིན་ཡོད་པར་ཨ་རིས་སྐྱོན་བརྗོད།

2020-03-06
གློག་འཕྲིན།
མཆན།
Share
པར་བཀོད།
ལྷ་སའི་གཙུག་ལག་ཁང་གི་མདུན།
ལྷ་སའི་གཙུག་ལག་ཁང་གི་མདུན།
པར་ཚགས།

བོད་ནང་འགྲོ་འོང་ཐད་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་འགོག་རྐྱེན་བཟོ་བཞིན་ཡོད་པ་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་སྐྱོན་བརྗོད་གནང་གི་འདུག
སྤྱི་ལོ་༢༠༡༨་ལོར་ཨ་མི་རི་ཀས་བོད་ནང་ཕར་ཚུར་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞི་(Reciprocal Access to Tibet)་ཞེས་བ་གཏན་འབེབས་བྱས་ཡོད་ཀྱང་། སྤྱི་ལོ་༢༠༡༩་ལོའི་ཨ་མི་རི་ཀའི་བོད་ཀྱི་ས་ཁུལ་ཁག་ཏུ་འགྲོ་བསྐྱོད་ཀྱི་སྙན་ཐོ་གཞིར་བཟུང་ལྟར་ན། བོད་ནང་ཕར་འགྲོ་ཚུར་འོང་གི་འདྲ་མཉམ་དགོས་པའི་ཁྲིམས་ཡིག་གི་འབྲུ་དོན་བཞིན་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལ་ཡོད་པའི་བོད་མིའི་ས་ཁུལ་ཁག་ནང་ཨ་མི་རི་ཀའི་དཔོན་རིགས་དང་། གསར་འགོད་པ། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཨ་རིའི་མི་སེར་ཚོའི་འགྲུལ་བཞུད་ཐད་འཆར་གཞི་ལྡན་པའི་སྒོ་ནས་འགོག་རྐྱེན་བཟོ་བཞིན་འདུག་ཅེས་སྐྱོན་བརྗོད་གནང་གི་འདུག དེ་ནི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ཡིག་ཐོག་དྲི་བར་ལན་འདེབས་གནང་བ་ཡིན་པ་དང་། ལན་འདེབས་ནང་ད་དུང་། ཨ་མི་རི་ཀས་རྒྱ་ནག་དང་མཉམ་དུ་ཕར་འགྲོ་ཚུར་འོང་འདྲ་མཉམ་ཡོང་ཐབས་ཀྱི་ཐོག་ལ་རྒྱ་ནག་གི་མི་སེར་ཚོ་ཨ་མི་རི་ཀའི་ནང་འགྲོ་འོང་ཆོག་པའི་མཐུན་རྐྱེན་སྦྱར་བཞིན་པ་ལྟར། རྒྱ་ནག་གི་ཕྱོགས་ནས་ཀྱང་དེ་ལྟར་འདྲ་མཉམ་གྱི་མཐུན་རྐྱེན་བསྐྲུན་དགོས་པའི་དགོས་འདུན་བཏོན་གྱི་ཡོད་ཅེས་ཀྱང་བཀོད་འདུག
དེ་དང་ཆབས་ཅིག་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་ཨ་མི་རི་ཀའི་མི་སེར་རྣམས་རྒྱ་ནག་ཏུ་མ་འོངས་བར་བཀག་སྡོམ་མེད་པར་འདྲ་མཉམ་གྱི་ཐོབ་ཐང་ལོངས་སྤྱོད་ཡོང་ཆེད་ཨ་མ་རི་ཀའི་གྲོས་ཚོགས་དང་མཉམ་ལས་གནང་རྒྱུ་ཡིན་པ་དང་། དེའི་ཁོངས་སུ་བོད་རང་སྐྱོང་ལྗོངས་དང་བོད་ཀྱི་ས་ཁུལ་ཚང་མ་ཚུད་ཡོད་པ་གསལ་སྟོན་གནང་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་ཡོངས་ཁྱབ་འབོད་སྐུལ་གསལ་བསྒྲགས་ཤིག་ཕྱི་ཟླ་ ༣ ་ཚེས་ ༤ ་ཉིན་གནང་བའི་ནང་། རྒྱ་ནག་གི་མི་སེར་ཨ་རིའི་ནང་འགྲོ་འོང་ཐོབ་ཐང་ཡོད་པ་ལྟར། ཨ་མི་རི་ཀའི་མི་སེར་ཡང་བོད་ཀྱི་ས་ཁུལ་ཁག་ཏུ་འགྲོ་འོང་ཆོག་པའི་ཁྲིམས་གཞི་ལག་བསྟར་ཡོང་བའི་འབོད་སྐུལ་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།