རྔ་བ་ཁུལ་ཁོངས་ཀྱི་སློག་གྲྭ་ཁག་ནང་རྒྱ་བསྒྱུར་སློབ་གསོ་སྤེལ་རྒྱུར་བོད་མི་ཚོས་བློ་འཚབ་བྱེད་བཞིན་འདུག

2020-04-08
གློག་འཕྲིན།
མཆན།
Share
པར་བཀོད།
རྨ་ལྷོ་ཕྱོགས་སུ་སྐད་ཡིག་སློབ་གསོའི་ཐད་སློབ་མའི་ལས་འགུལ་སྐབས། ༢༠༡༢
རྨ་ལྷོ་ཕྱོགས་སུ་སྐད་ཡིག་སློབ་གསོའི་ཐད་སློབ་མའི་ལས་འགུལ་སྐབས། ༢༠༡༢
RFA

རྔ་བ་བོད་རིགས་རང་སྐྱོང་ཁུལ་ཁོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ནང་དུ་བོད་ཀྱི་སྐད་ཡིག་མ་གཏོགས་སློབ་ཚན་གཞན་ཁག་རྒྱ་ཡིག་གི་ལམ་ནས་ཁྲིད་རྒྱུའི་འགྱུར་བ་གཏོང་འཆར་ལ་བོད་མི་ཚོས་བློ་འཚབ་བྱེད་བཞིན་འདུག
བོད་ནང་གི་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཁོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ནང་དུ། བོད་ཀྱི་སྐད་ཡིག་ཁོ་ན་མ་གཏོགས་གཞན་རྩིས་རིག་དང་རྫས་འགྱུར། དངོས་ཁམས་རིག་པ་སོགས་སློབ་ཚན་གཞན་དག་རྒྱ་ཡིག་གི་ལམ་ནས་ཁྲིད་འཆར་ཡོད་པ་ལ་བོད་མི་ཚོས་བློ་འཚབ་བྱེད་བཞིན་པ་རེད་འདུག
རྒྱ་ནག་གཞུང་གིས་ནམ་རྒྱུན་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་དང་། ས་གནས་རང་སྐྱོང་གི་སྲོལ་ཡིག་སོགས་གཞིར་བཞག་གིས། བོད་རིགས་རང་སྐྱོང་གི་ས་ཁུལ་སྤྱི་དང་ཁྱད་པར་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ས་ཁུལ་གྱི་རྫོང་ཁག་བཅུ་གཉིས་ཀྱི་ནང་། སློབ་གྲྭ་ཆུང་འབྲིང་གི་ནང་རྒྱའི་སྐད་ཡིག་སློབ་གཞི་གཅིག་པུ་མ་གཏོགས། རྩིས་རིག་དང་རྫས་འགྱུར། དངོས་ཁམས་རིག་པ་དང་སྐྱེ་དངོས། ས་རྒྱུས་དང་ལོ་རྒྱུས་ཆབ་སྲིད། བསམ་བློ་ཀུན་སྤྱོད་རིག་པ་སོགས་རང་བྱུང་དང་སྤྱི་ཚོགས་ཚན་རིག་གི་ཁོངས་གཏོགས་ཀྱི་སློབ་ཚན་ཆ་ཚང་བོད་ཡིག་གི་ལམ་ནས་སློབ་ཁྲིད་གནང་གི་ཡོད་ནའང་། དེང་སང་རྒྱ་ནག་ནང་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཁྱབ་གདལ་ཇེ་ཉུང་དུ་སོང་ནས་ཉིན་ཤས་སྔོན་སློབ་གྲྭ་ཁག་ཡར་འཚོགས་སྐབས། རྔ་བ་རང་སྐྱོང་ས་ཁུལ་དུ་བོད་ཡིག་གི་བསླབ་གཞི་གཅིག་པུ་མ་གཏོགས། བསླབ་གཞི་གཞན་དག་ཆ་ཚང་རྒྱ་ཡིག་གི་ལམ་ནས་ཁྲིད་འཆར་ཡོད་པའི་སྲིད་ཇུས་ཞིག་ཡོང་བཞིན་པ་དང་། དེའི་ཐད་བོད་ནང་གི་ཤེས་ཡོན་ཅན་མང་པོས་དྲ་ལམ་སོགས་སུ་རྩོམ་ཡིག་སྤེལ་ནས་བློ་འཚབ་བྱེད་བཞིན་པ་རེད།
བོད་ནང་གི་རྔ་བ་ཕྱོགས་སུ་བཞུགས་མཁན་རྩོམ་པ་བོ་ཟངས་དཀར་མྱི་ལྡང་ཟེར་བས་འདི་ཚེས་༧་ཉིན་དྲ་རྩོམ་སྤེལ་བའི་ནང་། “ཉིན་འགའི་སྔོན་ཕ་ཡུལ་གྱི་སློབ་གྲྭ་དག་འགོ་འཛུགས་དགོས་པའི་བརྡ་འབྱོར་བས། བདག་གི་ཆུང་མའང་སློབ་གྲྭས་བཀོད་སྒྲིག་བཞིན་ཚོགས་འདུར་ཞུགས། ཕྱི་དྲོ་ནང་དུ་སླེབས་དུས་ང་ལ་ད་ལོ་དབྱར་ཁ་ནས་བཟུང་བོད་སྐད་ཡིག་གཅིག་པུ་མ་གཏོགས་རྩིས་རིག་སོགས་བསླབ་ཚན་གཞན་པ་ཀུན་རྒྱའི་སྐད་ཡིག་གི་ལམ་ནས་ཁྲིད་དགོས་པའི་ཡིག་ཆ་འཐོན་ས་རེད་ཟེར། གཏམ་དེ་གོ་མ་ཐག་ཡིད་མི་ཆེས་པ་དང་དངངས་སྐྲག་གི་ཚོར་བ་ཞིག་མཉམ་དུ་བྱུང་། རྗེས་ནས་ཡར་མར་ལ་མང་ཙམ་དྲིས་ཤིང་གོ་དུས་དེ་བདེན་པ་རེད་འདུག་”ཅེས་འཁོད་ཡོད་ཅིང་། ད་དུང་ཁོང་གིས་ད་ལན་བོད་མི་ཚོར་ཁྲིམས་ལུགས་ཀྱི་རྒྱབ་རྟེན་ཡོད་པས། འཇིགས་སྣང་མེད་པའི་ཐོག་ནས་ངེས་པར་དུ་གོང་འོག་བར་གསུམ་ཚང་མས་སྐད་བརྒྱབ་དགོས་པའི་བསམ་ཚུལ་ཀྱང་བཏོན་འདུག
ཡང་བོད་ནང་གི་ན་གཞོན་རྩོམ་པ་བོ་གྲགས་ཅན་ཧུ་ར་འཇའ་བྷེ་ལགས་ཀྱིས་ཀྱང་། རྔ་བ་ཁུལ་གྱི་བོད་སྐད་གཙོ་བོའི་སློབ་ཁྲིད་ལམ་ལུགས་བསྒྱུར་དགོས་ཟེར་ཅེས་འཁོད་པའི་དྲ་རྩོམ་དུའང་། “ཟླ་བཞི་པའི་ཚེས་འགོར། རིམ་བཞིན་སློབ་གྲྭ་ཆུང་འབྲིང་སློབ་མགོ་ཚུགས་པ་དང་ཆབས་ཅིག སློབ་གྲྭ་སོ་སོའི་དགེ་བཟོ་བའི་ཚོགས་ཐོག་ཏུ་སློབ་གཙོ་རྣམ་པས་གོང་རིམ་གྱི་ཚོགས་འདུའི་ནང་དོན་བསྒྲགས་སྐབས། ༢༠༢༠་ལོའི་ལོ་སྨད་ནས་སློབ་ཆུང་དང་དམའ་འབྲིང་སོགས་སུ་རིམ་བཞིན་ཐབས་ལམ་དང་པོ་སྟེ། བོད་སྐད་གཙོ་བོའི་སློབ་ཁྲིད་ལམ་ལུགས་བསྒྱུར་བཅོས་བཏང་ནས། ཐབས་ལམ་གཉིས་པ་སྟེ་རྒྱ་སྐད་གཙོ་བོའི་སློབ་ཁྲིད་ལམ་ལུགས་ལག་བསྟར་བྱེད་རྒྱུ་རེད་ཅེས་བཤད། མི་མང་པོས་དོན་འདི་བདེན་ནམ་སྙམ་མོད། བདེན་མི་བདེན་ལ་སོམ་ཉི་ཅི་ཡང་མེད་དེ། གོང་རིམ་གྱི་ཚོགས་འདུའི་དགོངས་དོན་སྒྲོག་སྐབས་དམིགས་སུ་ཐབས་ལམ་བསྒྱུར་བའི་དོན་འདི། རྔ་བ་རང་སྐྱོང་ཁུལ་གྱི་སློབ་གཙོ་སོ་སོས་ང་ཚོ་དགེ་བཟོ་བ་ཚང་མའི་རྣ་གོར་མོའི་ནང་དུ་སྒྲ་སིང་མོར་བསྒྲགས་པས་དེ་ལ་རྫུན་ཞིག་གང་ན་ཡོད་”ཅེས་བྲིས་ཡོད་པ་མ་ཟད། ཁོང་གིས་དེ་ནི་རྒྱ་ནག་དབུས་གཞུང་གི་བཀའ་ཕལ་ཆེར་མིན་པར་དེའི་བར་གྱི་ཁྲིམས་ལུགས་མི་ཤེས་མཁན་ས་གནས་ཀྱི་ལས་བྱེད་འགས་བཀོད་ཁྱབ་བཏང་བ་ཡིན་རྒྱུ་རེད་མ་གཏོགས། བསྒྱུར་བཅོས་དེ་འདྲ་ནི་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་དང་ཐད་ཀར་འགལ་ཡོད་པ་བློ་ཕམ་དང་བཅས་ཏེ་བྲིས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་མདོ་སྨད་རྔ་བ་ཕྱོགས་ཀྱི་བོད་མི་ཞིག་ལ་གཞུང་ཕྱོགས་ནས་ཡིག་ཆ་དེ་འདྲ་ཡོད་མེད་སྐད་ཆ་དྲིས་སྐབས། ཁོང་གིས་སྐད་ཆ་དེ་སློབ་གྲྭ་ཁག་ཚུགས་སྐབས་ཚོགས་འདུའི་སྐབས་བསྒྲགས་འདུག་པ་ལས་ཡིག་ཆ་དངོས་སུ་མཐོང་མཁན་བྱུང་མི་འདུག ཕལ་ཆེར་ནང་ཁུལ་གྱི་གཏན་འབེབས་ཡིག་ཆ་ཞིག་ད་དུང་ཡོངས་གྲགས་དཀྲམ་མེད་པ་འདྲ་བོ་འདུག གང་ལྟར། དེ་ནི་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་དང་འགལ་བས་ན་གོང་རིམ་ནས་དགོངས་བཞེས་མ་གནང་ཚེ་བོད་མིའི་ཁྲོད་མི་འདོད་པའི་བསམ་ཚུལ་བཤད་མཁན་དང་བློ་འཚབ་བྱེད་མཁན་མང་པོ་ཡོང་བཞིན་པ་འགྲེལ་བརྗོད་གནང་བྱུང་།
དེ་སྔ་ལོ་ཤས་ནང་བོད་ཀྱི་ས་ཁུལ་གཞན་དག་ནང་རྒྱ་ནག་གཞུང་གིས་༼སྐད་གཉིས་སློབ་གསོའི་བཅོས་བསྒྱུར། རྣམ་པ་བསྒྱུར་ཏེ་སྤུས་ཚད་མཐོ་རུ་གཏོང་བ་༽་ཞེས་བའི་སྲིད་ཇུས་དེ་འདྲ་བ་སྤེལ་རྩིས་བྱས་སྐབས། དེར་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་མཁན་མང་པོ་བྱུང་ཡོད་པ་དང་། དེའི་ཁྲོད་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཨ་ལགས་དོར་ཞི་རིན་པོ་ཆེ་ནས། རྒྱ་ཡིག་ནང་མི་རིགས་ཀྱི་སྐད་ཡིག་དེ་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་མ་ལག་ནས་ཕྱིར་འཐེན་བྱེད་དགོས་པ་ཁྱབ་བསྒྲགས་བྱེད་པའི་བྱ་སྤྱོད་འདི་ནི། སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བའི་ཁྲིམས་འགལ་བྱ་སྤྱོད་ཡིན་པ་དང་། སྲིད་གཞུང་དང་སློབ་གྲྭ་ཁག་གིས་སྲོལ་རྒྱུན་རིག་གནས་ཀྱི་ཐད་ལ་ནུས་པ་རྩ་བ་ནས་བཏོན་གྱི་མེད་པ་མ་ཟད། ད་དུང་རྐང་བཙུགས་ནས་སྲོལ་རྒྱུན་རིག་གནས་ལ་འཚོ་གནས་ཀྱི་ཁོར་ཡུག་མེད་པ་བཟོ་བའི་རྣམ་པ་ཡོང་གི་ཡོད་པ་དེས་དམངས་ཚོགས་ཚོ་སྲིད་གཞུང་ལ་ཡིད་ཆེས་མེད་པ་ཆགས་འགྲོ་གི་ཡོད་པ་གསུངས་ཡོད། མ་ཟད་གནད་དོན་དེའི་ཐད་བོད་ནང་གི་སློང་གྲྭ་ཆེན་མོའི་དགེ་རྒན་དང་།  ཤེས་ཡོན་ཅན་མི་གྲངས་སུམ་ཅུ་ལྷག་གིས་ཡིག་ཐོག་ཏུ་བསམ་འཆར་འདོན་སྤེལ་བྱས་ཡོད་པ་རེད།
དེ་སྔ་༢༠༡༧་ལོར་མདོ་སྨད་མཚོ་སྔོན་ཁོངས་གཏོགས་མཚོ་ལྷོ་ཁུལ་སློབ་གསོ་ལས་ཁུངས་ཀྱི་ཁུལ་དེའི་ ༼སྐད་གཉིས་སློབ་གསོའི་བཅོས་སྒྱུར་དང་། རྣམ་པ་བསྒྱུར་ཏེ་སྤུས་ཚད་མཐོ་རུ་གཏོང་བ།༽ཞེས་པར་བསམ་འཆར་བསྡུ་ལེན་བྱས་སྐབས། བོད་ནང་གི་ཤེས་ཡོན་ཅན་དང་། དོན་གཉེར་མཁན་ཚོས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བགྲོ་གླེང་ཤུགས་ཆེན་བྱས་བ་མ་ཟད། དེ་ལ་ངོ་རྒོལ་བྱེད་མཁན་མང་པོ་བྱུང་ཡོད། སྐབས་དེར་བོད་ཀྱི་སློབ་གསོའི་ཆེད་མཁས་པ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་ཀྱིས། སློབ་ཚན་ཁག་རྒྱའི་སྐད་ཡིག་ནང་སློབ་ཁྲིད་བྱེད་རྒྱུ་ནི་མདུན་དུ་དོང་ཡོད་པ་མཐོང་བཞིན་མཆོང་བ་དང་གཅིག་མཚུངས་རེད་ཅེས་སྐྱོན་བརྗོད་གནང་ཡོད།
ད་དུང་ཡང་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་གྲགས་ཅན། རྒྱ་ནག་གི་བཙོན་ཁང་དུ་བསྡད་མྱོང་བའི་བཀྲ་ཤིས་རབ་བརྟན་ནམ།  ཐེའུ་རང་ལགས་ཀྱིས་སྐབས་དེར། སྐད་གཉིས་སློབ་གསོའི་བཅོས་བསྒྱུར་ནི། སྟབས་བདེ་མོར་བརྗོད་ན། བོད་ཡིག་བོད་སྐད་དང་། རྒྱ་ཡིག་རྒྱ་སྐད་གཉིས་ལས། སྐད་ཡིག་གང་གཙོ་བོར་བཟུང་ན་འགྲིག་ཞེས་པ་དེ་རེད། དེ་ཡང་སློབ་གཞི་བོད་སྐད་ནང་སློབ་ཁྲིད་བྱེད་བཞིན་པ་དེ་རྒྱ་སྐད་ནང་སློབ་ཁྲིད་བྱེད་རྒྱུའི་རྣམ་པར་བསྒྱུར་རྒྱུ་དེ་ཡིན་པ་རེད། ཞེས་གསལ་བཤད་དང་འབྲེལ་སློབ་གསོའི་བྱེད་ཐབས་དེར་མཉམ་འུར་གྱི་ངོ་རྒོལ་འདི་ཡིས་དོན་དངོས་ཐག་གཅོད་ལ་བརྔོ་ཐོགས་ཀྱང་མ་ཐོགས་ཀྱང་། རང་གི་ཕ་སྐད་མ་ཡིག་གི་ཉག་ཕྲ་བའི་ལས་དབང་དང་སློབ་གསོའི་གདམ་གའི་ཁྲོད་ཀྱི་རྣམ་འགྱུར་ཙམ་ནི་ཅིས་ཀྱང་སྟོན་དགོས་ཞེས་རྩོམ་ཡིག་སྤེལ་ཡོད།
གཞན་མཚོ་སྔོན་ཞིང་ཆེན་ཟི་ལིང་ས་ཁུལ་གྱི་ལས་འཁྱུར་ངལ་གསོ་བྱས་པའི་བོད་རིགས་གཞུང་ཞབས་པ་དང་། སློབ་གསོའི་ལས་རིགས་སྟེང་ཕྱག་ལས་གནང་མཁན་རྒན་རབས་པ་སྐོར་ཅིག་གིས་མཚོ་སྔོན་ཞིང་ཆེན་སློབ་གསོ་ལས་ཁུངས་ལ་འབོད་སྐུལ་སྙན་ཞུ་རྒྱབ་ཡོད་པ་སོགས་ཀྱི་གནས་ཚུལ་བྱུང་བ་དང་རྗེས་སུ་སློབ་གསོའི་བྱེད་ཐབས་དེ་ཡོངས་སུ་ལག་བསྟར་བྱེད་ཐུབ་མེད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།