ཨ་མི་རི་ཀ་གཞུང་གིས་པཎ་ཆེན་རིན་པོ་ཆེ་དང་མཇལ་འདོད་ཡོད་པ་རྒྱ་ནག་ལ་བརྡ་ལན་གནང་གི་འདུག

2020-05-21
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་མཆོག 2020/4/29
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་མཆོག 2020/4/29
AFP

གོ་སྐབས་བྱུང་ན་ཨ་རིའི་གཞུང་གི་མི་སྣ་པཎ་ཆེན་རིན་པོ་ཆེ་དང་མཇལ་འདོད་ཡོད་པ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་རྒྱ་ནག་གཞུང་ལ་བརྡ་ལན་གནང་གི་འདུག
རྒྱ་ནག་གཞུང་གིས་གོ་སྐབས་བསྐྲུན་ཚེ་ཨ་མི་རི་ཀ་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་དངོས་སུ་མཇལ་འཕྲད་ཞུ་རྒྱུ་ཡིན་ལ། རྒྱ་ནག་གཞུང་གིས་གོ་སྐབས་དེ་འདྲ་བསྐྲུན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས། འདི་ཚེས་༢༠་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཡིག་ཐོག་བཀའ་ལན་གནང་བ་དང་། ད་དུང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་(Sam Brownback)་ལགས་༢༠༡༩ ་ཟླ་ ༡༠ ་ཚེས་ ༢༨ ་ཉིན་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་མཇལ་འཕྲད་ཡག་པོ་བྱུང་ཡོད་ཅེས་ལུང་འདྲེན་གནང་འདུག
ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་རྗེས། ད་བར་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ཧྲིལ་པོ་ ༢༥ ་ཕྱིན་པའི་དུས་སྐབས་དང་བསྟུན། ཟླ་༥་བའི་ཚེས་༡༨་ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མེཁུ་ཕེམ་པོའུ་(Michael Pompeo)་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མིན་རྒྱ་ནག་གཞུང་གིས་འཕྲལ་དུ་ཡོངས་བསྒྲགས་གསལ་འདོན་གནང་དགོས་པའི་བསྒྲགས་གཏམ་སྤེལ་བའི་རྗེས། རྒྱ་ནག་གཞུང་གིས་དེར་ལན་འདེབས་ཚུལ་གྱིས། ཚེས་༡༩་ཉིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མཐོ་སློབ་ཐོན་ནས་ད་ཆ་ཕྱག་ལས་གནང་བཞིན་ཡོད་པ་རྒྱ་ནག་གཞུང་གིས་བསྐྱར་བཟློས་བྱས་ཡོད།
གནད་དོན་དེ་དང་འབྲེལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲི་བར་ལན་འདེབས་གནང་བའི་བརྒྱུད། རྒྱ་ནག་གཞུང་གིས་གདེང་སྤོབས་ཆེན་པོའི་ཐོག་ནས་པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡོད་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་ཚེ།  ཕྱིར་བསྒྲགས་མི་བྱེད་པའི་རྒྱུ་མཚན་ཇི་ཡིན་ཐད། ལན་གསལ་པོ་རྒྱག་རྒྱུ་ཡོད་མཁན་གྱི་པེ་ཅིན་གྱི་འགོ་ཁྲིད་ཚོར་དྲི་བ་ཡག་ཤོས་ཞིག་ཆགས་རྒྱུ་ཡིན་པ་བཀོད་འདུག་ལ། ༡༩༩༥་ལོ་ནས་བཙན་ཁྲིད་དང་གར་སོང་ཆ་མེད་གྱུར་བའི་པཎ་ཆེན་རིན་པོ་ཆེའི་ཞིབ་ཕྲའི་གནས་ཚུལ་འཕྲལ་དུ་ཕྱི་བསྒྲགས་བྱ་དགོས་པ་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་གི་ཡོད་ཅེས་བཀོད་འདུག
ད་དུང་ཕྱི་སྲིད་ལས་ཁུངས་ཀྱིས་གནང་བའི་ཡིག་ལན་ནང་། པཎ་ཆེན་རིན་པོ་ཆེ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་ཐུགས་འགན་ཆ་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་སྐྱེས་བུ་ཆེན་པོ་གལ་ཆེ་ཤོས་གཅིག་རེད་ཅེས་དང་། རྒྱ་ནག་གཞུང་ནི་པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་དང་མཇལ་འཕྲད་ཞུ་མི་འཇུག་པར་བཀག་འགོག་བྱེད་མཁན་དེ་ཡིན་པས། བོད་མི་ཚོར་རང་ཉིད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་རྒྱུ་དང་། ཤེས་ཡོན་འབུལ་རྒྱུ། གུས་བཀུར་བྱེད་རྒྱུའི་ཐོབ་ཐང་ཡོད་དགོས་བས། རྒྱ་ནག་གཞུང་གིས་ཐེ་ཇུས་དམ་དྲག་དེ་དག་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་བསྐྱར་ནན་བྱས་འདུག
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ ་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག འདི་ལོ་ཕྱི་ཟླ་ ༥ ་ཚེས་ ༡༧་ཉིན་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་རྐེས་གར་སོང་ཆ་མེད་གྱུར་ནས་ལོ་༢༥་འདས་བའི་དུས་དྲན་ཡིན་པ་དང་། དེ་དང་འབྲེལ་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་ཆེན་མོ། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་གི་ཆེས་མཐོའི་ལས་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ། ཅེག་སྤྱི་མཐུན་རྒྱལ་ཁབ་དང་།  སུད་སི་བཅས་སོགས་ཀྱི་གཞུང་འཛིན་དང་གྲོས་ཚོགས་འཐུས་མི་མང་པོས་པཎ་ཆེན་རིན་པོ་ཆེའི་གར་ཡོད་ཀྱི་གནས་སྟངས་ཐད་ཐུགས་ཚབས་ཀྱི་རྣམ་པ་བསྟན་གནང་བ་དང་། ཁོང་གི་གློད་བཀྲོལ་ཆེད་འབོད་སྐུལ་གྱི་བསྒྲགས་གཏམ་བསྟུད་མར་སྤེལ་ཡོད་པ་རེད།


མཆན། (0)
Share
དྲ་གནས་ཆ་ཚང༌།