པཎ་ཆེན་དགོས་འདུན་ཆོས་ཀྱི་ཉི་མ་མཆོག་སློབ་མཐར་སོན་ནས་ཕྱག་ལས་གནང་བཞིན་ཡོད་ཟེར།

2020-05-19
གློག་འཕྲིན།
མཆན།
Share
པར་བཀོད།
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་༣༠ ཕེབས་པའི་ཞལ་རས།
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་༣༠ ཕེབས་པའི་ཞལ་རས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་མཛད་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཐོ་སློབ་ཐོན་ནས་ད་ཆ་ཕྱག་ལས་གནང་བཞིན་ཡོད་པ་རྒྱ་ནག་གཞུང་གིས་བརྗོད་འདུག
ཕྱི་ཟླ་ ༥ ་ཚེས་ ༡༧ ་ཉིན་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་གར་སོང་ཆར་མེད་དུ་སོང་ནས་ལོ་ཉི་ཤུ་རྩ་ལྔ་འཁོར་ཡོད་པ་དང་། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཡིཀ་པོམ་པེའོ་མཆོག་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་གནད་དོན་ཐད་ཀྱི་ཆེས་མཐོའི་ལས་དོན་ཚོགས་ཆུང་། དེ་བཞིན་དབྱིན་ཡུལ་དང་སྦེལ་ཇམ། ཡོ་རོབ་གྲོས་ཚོགས། སུད་སི་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་སོགས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་མང་དག་ཞིག་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་ཡོད་གསལ་བཤད་དགོས་པ་དང་། མགྱོགས་མྱུར་གློད་གྲོལ་དགོས་པའི་དགོས་འདུན་ཤུགས་ཆེ་བཏོན་ཡོད་པ་རེད།
ཕྱི་ཟླ་ ༥ ་ཚེས་ ༡༨ ་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀྲའོ་ལི་ཇིཡན་གྱིས་དགེ་འདུན་ཆོས་ཀྱི་ཉི་མ་གཞི་རིམ་གྱི་སློབ་གྲྭ་མཐར་སོན་པ་དང་མཐོ་སློབ་ཀྱི་ཚུད་རྒྱུགས་ཀྱང་འཕྲོད་ནས་མཐར་ཕྱིན་པ་མ་ཟད། ད་ཆ་ལས་ཀ་ཡང་ཡོད་པ་བརྗོད་འདུག
འདི་ནི་རྒྱ་ནག་གཞུང་གིས་དགུང་གྲངས་ ༣༡ ་ལ་སོན་པ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེའི་སྐོར་གནས་ཚུལ་མཁོ་སྤྲོད་བྱེད་པ་གསར་ཤོས་དེ་ཡིན་པ་རེད། འོན་ཀྱང་དེ་ལས་ལྷག་པའི་ཞིབ་ཕྲའི་གནས་ཚུལ་གང་ཡང་སྤྲད་མེད་པ་རེད།
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། གལ་ཏེ་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་རྒྱ་ནག་གཞུང་གིས་བརྗོད་པ་ལྟར། སློབ་མཐར་ཕྱིན་ནས་ད་ཆ་ཕྱག་ལས་གནང་བཞིན་པ་དངོས་ཡོད་གནས་ཚུལ་ཡིན་ན། པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་རང་ལ་དེ་དོན་དྲིལ་བསྒྲགས་གནང་བཅུག་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
སྔ་ལོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གིས་པཎ་ཆེན་རིན་པོ་ཆེའི་གནད་དོན་སྐོར་འདྲི་རྩད་བྱས་སྐབས། རྒྱ་ནག་གཞུང་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྤྱིར་བཏང་གི་མི་ཚེ་སྐྱེལ་བཞིན་ཡོད་པ་དང་། གཞན་གྱིས་ཁོང་གི་མི་ཚེར་ཐེ་གཏོགས་བྱེད་འཇུག་འདོད་མེད་ལུགས་བརྗོད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།