ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་ཡོང་ཆེད་སྤྱི་བསྒྲགས་སྤེལ་འདུག

2020-05-18
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(James P. McGovern)་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Marco Rubio)་གཉིས།
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(James P. McGovern)་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Marco Rubio)་གཉིས།
སྒྲིག་བཟོ།

རྒྱ་ནག་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མྱུར་གློད་བཀྲོལ་གཏོང་དགོས་བའི་ཐད་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མིས་མཉམ་འབྲེལ་སྤྱི་བསྒྲགས་སྤེལ་འདུག
ཕྱི་ཚེས་ ༡༧ ་ཉིན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(James P. McGovern)་དང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་
(Marco Rubio)་རྣམ་གཉིས་ཀྱིས། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་གྱུར་ནས་ལོ་ངོ་ ༢༥ ་ཕྱིན་པའི་དུས་དྲན་དང་འབྲེལ་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛམ་གླིང་ནང་བཙོན་འོག་ཏུ་རྒྱུན་རིང་ཤོས་གནས་པའི་གྲས་ཀྱི་སྲིད་དོན་གྱི་བཙོན་པ་ཞིག་ཆགས་ཀྱི་ཡོད་པ་དང་། གང་ཉིད་འཕྲལ་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་གློད་བཀྲོལ་དང་། རྒྱ་ནག་གཞུང་གིས་བོད་ནང་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་ཐོག་སྟངས་འཛིན་དང་། ལྷག་པར་གསེར་རྟ་བླ་རུང་ཆོས་སྒར་དང་ཡ་ཆེན་སྒར་ལ་སོགས་པ་ནས་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་མང་པོ་ཕྱིར་ཕུད། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག་ཞེས་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་དག་ཐོག་བློ་འཚབ་ཤུགས་ཆེ་ཡོད་པ་བཀོད་གནང་འདུག
དེ་བཞིན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཁང་གི་སྤྱི་བསྒྲགས་དེའི་ནང་། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་གོང་ཞུས་ཀྱི་སྲིད་བྱུས་ཁག་ལག་ལྟར་བྱེད་དགོས་དོན་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། སྐད་ཡིག་རིག་གཞུང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཡིན་པ་རེད་ཅེས་བཀོད་གནང་འདུག ད་དུང་སྤྱི་བསྒྲགས་དེའི་ནང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཆོད་དོན་ཁག་ལ་ཁས་ལེན་བྱས་བ་བཞིན་གྲངས་ཉུང་མི་རིགས་ཀྱི་རང་དབང་ཁག་ལ་སྲུང་སྐྱོབ་དང་། ཨ་མི་རི་ཀའི་གཞུང་གི་ངོས་ནས་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་འཆར་གཞི་བཟུང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྲུང་སྐྱོབ་གནང་དགོས་པ་བཀོད་འདུག
ཡང་རེས་གཟའ་ཉི་མའི་ཉིན། འདི་ག་རྒྱལ་ས་ཝ་ཤིང་ཀྲོན་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་ཚོས་ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་བོའི་མདུན། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མྱུར་གློད་གྲོལ་ཡོང་ཆེད་ཨ་མི་རི་ཀའི་གཞུང་དང་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་བའི་དགོས་འདུན་བཏོན་ནས་མར་མེ་ཁྲོམ་སྐོར་གནང་ཡོད་པ་རེད།
ད་ལྟ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི། ཕྱི་ལོ་༡༩༨༩་ཕྱི་ཟླ་བཞི་པའི་ཚེས་ཉི་ཤུ་ལྔ་ཉིན་བོད་ཀྱི་ནག་ཆུ་ས་ཁུལ་ལྷ་རི་རྫོང་དུ་སྐུ་འཁྲུངས་ཞིང་། དགུང་ལོ་དྲུག་ལ་ཕེབས་པའི་སྐབས་༡༩༩༥་ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ། དགེ་འདུན་ཆོས་ཀྱི་ཉི་མ་ཞེས་མཚན་གསོལ་གནང་ཡོད་པ་རེད། འོན་ཀྱང་ངོས་འཛིན་གནང་ནས་ཉིན་གསུམ་ལས་མ་འགོར་བར་ཕྱི་ལོ་༡༩༩༥་ཕྱི་ཟླ་ལྔ་པའི་ཚེས་༡༧་ཉིན་རྒྱ་ནག་གཞུང་གིས་ཁོང་དང་ཡབ་ཡུམ་བཅས་པ་བཙན་ཁྲིད་བྱས་རྗེས། ད་བར་གནས་སྟངས་གསལ་ཆ་མེད་པར་ལུས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།