ཨ་མི་རི་ཀས་མུ་མཐུད་དུ་པཎ་ཆེན་རིན་པོ་ཆེ་གང་ཡོད་གནད་དོན་རྒྱ་ནག་མཉམ་གླེང་རྒྱུ་ཡིན་ཟེར།

2020-05-15
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་(Sam Brownback)་ལགས
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་(Sam Brownback)་ལགས
SB/FB

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་ཀྱིས་བོད་ནང་གི་ཆོས་དད་རང་དབང་སྐོར་དང་པཎ་ཆེན་རིན་པོ་ཆེའི་སྐོར་གླེང་འདུག
འདི་ཚེས་༡༤་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་དྲ་ལམ་བརྒྱུད་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་འཛམ་གླིང་ཡོངས་སུ་ཁྱབ་གདལ་ཛ་དྲག་སྐབས། འཛམ་གླིང་གི་ཡུལ་གྲུ་གང་སའི་གྲངས་ཉུང་མི་རིགས་ཚོའི་ཆོས་དད་རང་དབང་ཐོག་དོ་ཕོག་ཇི་བྱུང་སྐོར་གླེང་མོལ་དང་དྲི་བ་དྲིས་ལན་བྱས་ཡོད་པ་དང་། སྐབས་དེར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་(Sam Brownback)་ལགས་ཀྱིས། རྒྱ་ནག་གཞུང་གིས་དྲག་རྩུབ་ཀྱི་བྱ་སྤྱོད་སྤེལ་ནས་བོད་ནང་གི་དགོན་སྡེ་དང་ཆོས་ལུགས་ཀྱི་ཚོགས་སྡེ་ཁག་གི་བོད་མིའི་ཆོས་དད་རང་དབང་ལ་མུ་མཐུད་དུ་རྡོག་རོལ་གཏོང་བཞིན་པ་མ་ཟད། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྐབས་ཀྱང་རྒྱ་ནག་གཞུང་གིས་བོད་ནང་དྲག་རྡུང་གི་ལས་འགུལ་འདྲ་མིན་སྤེལ་ནས་དམ་དྲག་དང་། བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་མཉམ་བོད་དོན་གླེང་ཡོད་པ་དང། དམིགས་བསལ་ཁོང་གིས། སྤྱི་ཚེས་༡༤་ཉིན་ནི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དེ་སྔ་༡༩༩༥་ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་གནང་བའི་ཉིན་མོ་ཡིན་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་པཎ་ཆེན་རིན་པོ་ཆེ་གར་ཡོད་གང་ཡིན་གྱི་གནས་སྟངས་གསལ་བོ་མ་ཤེས་བར་ཡོད་ལ་འཛམ་གླིང་སྤྱི་ཚོགས་ཀྱིས་གསལ་བོ་མ་ཤེས་བར་ཡོད། དེ་བས་ང་ཚོའི་ངོས་ནས་མུ་མཐུད་དུ་རྒྱ་ནག་གཞུང་ལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་ལ་གསལ་བཤད་ཁ་གསལ་དགོས་བའི་དགོས་འདུན་གཏོན་ནས་ཁོང་གློད་གློལ་ཡོང་ཐབས་དང་། འཛམ་གླིང་མི་དམངས་ལ་གནས་ཚུལ་ཁ་གསལ་བཟོ་རྒྱུའི་འདུན་པ་ཡོད།
རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་ཆུང་དུས་ནས་བཙན་ཁྲིད་བྱས་བའི་ཐོག་ད་ལྟ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་ཡང་སྲིད་ཐད། ཧམ་སེམས་བཅངས་བཞིན་ཡོད་པས་དེ་ནི་ཁོང་ཚོར་བདག་དབང་དང་ཐོབ་ཐང་རྩ་ནས་མེད་པ་ཞིག་ཡིན་པ་བསྐྱར་ནན་གྱིས་གསུང་འདུག
ད་ལྟ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི། ཕྱི་ལོ་༡༩༨༩་ཕྱི་ཟླ་བཞི་པའི་ཚེས་ཉི་ཤུ་ལྔ་ཉིན་བོད་ཀྱི་ནག་ཆུ་ས་ཁུལ་ལྷ་རི་རྫོང་དུ་སྐུ་འཁྲུངས་ཞིང་། དགུང་ལོ་དྲུག་ལ་ཕེབས་པའི་སྐབས་༡༩༩༥་ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ། དགེ་འདུན་ཆོས་ཀྱི་ཉི་མ་ཞེས་མཚན་གསོལ་གནང་ཡོད་པ་རེད། འོན་ཀྱང་ངོས་འཛིན་གནང་ནས་ཉིན་གསུམ་ལས་མ་འགོར་བར་ཕྱི་ལོ་༡༩༩༥་ཕྱི་ཟླ་ལྔ་པའི་ཚེས་༡༧་ཉིན་རྒྱ་ནག་གཞུང་གིས་ཁོང་དང་ཡབ་ཡུམ་བཅས་པ་བཙན་ཁྲིད་བྱས་རྗེས། ད་བར་གནས་སྟངས་གསལ་ཆ་མེད་པར་ལུས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།