པཎ་ཆེན་རིན་པོ་ཆེའི་གནས་སྟངས་སྐོར་གསལ་བཤད་ཡོང་བར་རྒྱ་ནག་ལ་གནོན་ཤུགས་སྤྲོད་རོགས།

2020-05-12
གློག་འཕྲིན།
མཆན།
Share
པར་བཀོད།
ལི་ཐོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Andrius Navickas)་ལགས།
ལི་ཐོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Andrius Navickas)་ལགས།
དྲ་བཤུས། delfi.lt

པན་ཆེན་ཆུང་སྲིད་རིན་པོ་ཆེ་གར་བཞུགས་གསལ་བཤད་དགོས་པའི་ཐད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་བ་ལི་ཐོ་ནི་ཡའི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་རྣམ་གཉིས་ལ་འབོད་སྐུལ་ཞུས་ཡོད་འདུག
ཟླ་བ་འདིའི་ཚེས་༡༧་ཉིན་མོ་དེ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ངོས་འཛིན་གསལ་བསྒྲགས་གནང་ནས་ལོ་ངོ་༢༥་ཧྲིལ་པོ་འཁོར་བའི་དུས་ཚིགས་ཞིག་ཡིན་པར་བརྟེན། ཤར་ཡོ་རོབ་ཀྱི་རྒྱལ་ཁབ་ལི་ཐོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Andrius Navickas)་ལགས་ཀྱིས། པཎ་ཆེན་རིན་པོ་ཆེའི་གནས་སྟངས་སྐོར་གསལ་བཤད་བྱེད་དགོས་པའི་ཐད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་བ་ཡུལ་དེའི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་རྣམ་གཉིས་ལ་འབོད་སྐུལ་ཞུས་ཡོད་འདུག གོང་ཞུས་འབོད་སྐུལ་ཞུ་ཡིག་དེའི་ནང་། རྒྱལ་སྤྱིའི་ཚོགས་པ་མང་པོས་རྒྱ་ནག་གཞུང་ལ་ད་བར་པཎ་ཆེན་རིན་པོ་ཆེ་ས་གནས་གང་དུ་བཞུགས་ཡོད་མེད་འདྲི་རྩད་རིོམ་པ་བྱས་ཀྱང་རྫུན་གཏམ་གྱི་ལན་ཤ་སྟག་རྒྱབ་ཡོད་པ་དང་། སྔ་ལོའི་ཕྱི་ཟླ་དགུ་པའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་གྱུར་བའི་མི་སྣ་རྟོག་ཞིབ་བྱེད་མཁན་ལས་དོན་ཚན་པས་རྒྱ་ནག་ལ་འདྲི་རྩད་བྱས་པའི་སྐབས། ཁོང་མཐོ་རིམ་སློབ་གཉེར་ཁང་དུ་ཕེབས་རྒྱུའི་གོ་སྐབས་ཆ་ཚང་ཕུལ་ཏེ་ད་ལྟའི་ཆར་ཕྱག་ལས་གནང་བཞིན་ཡོད་ལུགས་གསལ་བཤད་བྱས་ཡོད་ཀྱང་། འཛམ་གླིང་སྤྱི་ཚོགས་ཀྱི་ངོས་ནས་ད་བར་པཎ་ཆེན་རིན་པོ་ཆེ་འཚོ་བཞུགས་ཡོད་མེད་དང་། གལ་སྲིད་འཚོ་བཞུགས་ཡོད་པ་ཡིན་ན་ས་གནས་གང་དུ་བཞུགས་ཡོད་མེད་སུས་ཀྱང་ཤེས་རྟོགས་མེད་པ་རེད་ཅེས་གསུངས་ཏེ། གང་ལྟར་ཆོས་ཁས་མི་ལེན་མཁན་གྱི་རྒྱ་ནག་གཞུང་ནས་མགོ་བསྐོར་བསླུ་བྲིད་ཀྱི་བྱ་སྤྱོད་སྤེལ་བཞིན་པ་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཡོད་པའི་ཆོས་ཕྱོགས་ཀྱི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་གོམས་སྲོལ་དེར་བརྩི་མེད་རྡོག་རོལ་གཏོང་གི་ཡོད་ལུགས་སྐྱོན་བརྗོད་བྱས་ནས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་དགོས་འདུན་བཏོན་པ་ལྟར། པཎ་ཆེན་རིན་པོ་ཆེ་མཆོག་གར་བཞུགས་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་གནོན་ཤུགས་སྤྲོད་རོགས་གནང་ཞེས་འབོད་སྐུལ་ཞུས་ཡོད་འདུག
ཡང་དེ་དང་ཕྱོགས་མཚུངས་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Tim Loughton)་ལགས་ཀྱིས་ཀྱང་། རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེའི་གནས་སྟངས་སྐོར་འཛམ་གླིང་ལ་གསལ་པོ་བཟོ་དགོས་པ་དང་། བོད་ནང་གི་བོད་མི་ཚོའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་དྲག་གནོན་བྱེད་བཞིན་པ་དེར་བསྒྱུར་བཅོས་ངེས་པར་དུ་གཏོང་དགོས་ཀྱི་རེད་ལ། རྒྱལ་སྤྱིའི་ཐོག་ནས་ཀྱང་རྒྱ་ནག་གི་དྲང་བདེན་མིན་པའི་བྱ་སྤྱོད་དེར་གདོང་ལེན་ངེས་པར་དུ་བྱེད་དགོས་ལུགས། ལྷག་པར་དུ་ད་ལྟའི་ཏོག་དབྱིབས་ནད་ཡམས་དེར་གདོང་ལེན་ཟིན་པའི་མཚམས་སུ། རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཚང་མས་རྒྱ་ནག་ལ་གནོན་ཤུགས་ཆེ་ཙམ་སྤྲོད་དགོས་པའི་དུས་ལ་བབས་འདུག་ལ་རྒྱ་ནག་གི་ངོས་ནས་ཀྱང་པཎ་ཆེན་རིན་པོ་ཆེ་གང་དུ་བཞུགས་ཡོད་མེད་གསལ་པོ་བཟོ་དགོས་བ་བརྙན་ཐོག་ནས་བསྒྲགས་གཏམ་སྤེལ་ཡོད་པ་རེད།
ཉེ་སྔོན་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༡་ཕེབས་པའི་འཁྲུངས་སྐར་དང་བསྟུན། ཨ་རི་གཞུང་དང་གྲོས་ཚོགས། དེ་བཞིན་ཡོ་རོབ་གྲོས་ཚོགས། ཨི་སུ་ཁྲེ་ལེ་ཡ་བཅས་ནས་༧པཎ་ཆེན་རིན་པོ་ཆེ་མྱུར་དུ་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་༡༨་ནང་གི་ཚོགས་སྡེ་ཁག་༡༥༩་ཙམ་གྱིས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གི་བཀག་ཉར་འོག་ནས་གློད་བཀྲོལ་ཡོང་ཐབས་གནང་དགོས་པ་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་ཞུ་ཕུལ་ཡོད་པ་རེད།


མཆན། (0)
Share
དྲ་གནས་ཆ་ཚང༌།