ཕྱི་ཟླ་བདུན་པ་བོད་ཀྱི་རིག་གནས་གཅེས་ནོར་གྱི་ཟླ་བར་ངོས་འཛིན་གྱི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག

2020-09-25
གློག་འཕྲིན།
མཆན།
Share
པར་བཀོད།
ཕྱི་ཟླ་བདུན་པ་བོད་ཀྱི་རིག་གནས་གཅེས་ནོར་གྱི་ཟླ་བར་ངོས་འཛིན་གྱི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་ནས་ཁྲིམས་སུ་གཏན་འབེབས་ཀྱི་མཛད་སྒོ།
ཕྱི་ཟླ་བདུན་པ་བོད་ཀྱི་རིག་གནས་གཅེས་ནོར་གྱི་ཟླ་བར་ངོས་འཛིན་གྱི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་ནས་ཁྲིམས་སུ་གཏན་འབེབས་ཀྱི་མཛད་སྒོ།
དཀར་པོ་ཆེ་བུ་འཁྲིད་ལགས་ཀྱི་ངོ་དེབ།

ཁེ་ན་ཌའི་ཨོན་ཊེ་རི་ཡོ་མངའ་སྡེའི་གྲོས་ཚོགས་ནས་ལོ་ལྟར་ཕྱི་ཟླ་བདུན་པ་དེ་བཞིན་བོད་ཀྱི་རིག་གནས་གཅེས་ནོར་གྱི་ཟླ་བར་ངོས་འཛིན་ཞུ་རྒྱུའི་ཁྲིམས་འཆར་ལ་ཕྱི་ཟླ་༩་ཚེས་༢༤་ཉིན་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་ལྟར། མངའ་སྡེའི་སྲིད་སྐྱོང་ LG Elizabeth Dowdeswellམཆོག་ནས་མཚན་རྟགས་གནང་བའི་བརྒྱུད་ཁྲིམས་སུ་གཏན་འབེབས་གནང་འདུག

ཁྲིམས་འཆར་ཨང་༡༣༡་བོད་ཀྱི་རིག་གནས་གཅེས་ནོར་གྱི་ཟླ་བ་ཞེས་པ་ནི། མངའ་སྡེ་ཨོན་ཊེ་རི་ཡོའི་པརཀ་ཌེལ་ཧཡི་པཱརཀ་ས་ཁུལ་གྱི་འཐུས་མི་བོད་རིགས་དཀར་པོ་ཆེ་བུ་འཁྲིད་ལགས་ནས་བཏོན་གནང་པ་ཞིག་ཡིན་པ་རེད། པརཀ་ཌེལ་ཧཡི་པཱརཀ་ས་ཁུལ་ནང་བོད་མི་སྟོང་ཕྲག་དྲུག་ཙམ་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་ཅིང་། འདི་ནི་ཁེ་ན་ཌའི་ནང་བོད་རིགས་མང་ཤོས་ཡོད་སའི་ས་ཁུལ་ཞིག་ཡིན་ལ། ས་གནས་དེར་བོད་ཆུང་ཆུང་ཞེས་ཀྱང་འབོད་ཀྱི་ཡོད་པ་རེད།
ཕྱི་ཟླ་ ༩ ་ཚེས་ ༢༤ ་ཉིན་ལོ་ལྟར་གྱི་ཕྱི་ཟླ་བདུན་པ་དེ་བོད་ཀྱི་རིག་གནས་གཅེས་ནོར་གྱི་ཟླ་བར་ངོས་འཛིན་གཏན་འབེབས་འབྱུང་རྒྱུར་མངའ་སྡེའི་གྲོས་ཚོགས་ནང་བགྲོ་གླེང་གནང་སྐབས། མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་ཀྱིས། ཕྱི་ཟླ་བདུན་པ་བོད་ཀྱི་རིག་གནས་གཅེས་ནོར་གྱི་ཟླ་བར་ངོས་འཛིན་གནང་པ་དེ་ནི། རྒྱ་ནག་གིས་བོད་ནང་དྲག་གནོན་ཅི་ཆེ་བྱེད་མིན་ལ་མ་བལྟོས་པར་བོད་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་སྙིང་རྗེ་གཞི་ལ་བཞག་པའི་འཚེ་བ་མེད་པའི་འཐབ་རྩོད་བྱེད་བཞིན་པར་ངོས་འཛིན་བྱེད་པ་ཞིག་མཚོན་རྒྱུ་དང་། བྱམས་པ་དང་བརྩེ་བ། འཚེ་མེད་ཞི་བའི་ལྟ་གྲུབ་གཞི་ལ་བཅོལ་བའི་བོད་མིའི་རིག་གཞུང་འདིས་མངའ་སྡེ་ཨོན་ཊེ་རི་ཡོ་དང་ཁེ་ན་ཌར་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་པར་མ་ཟད། འཛམ་གླིང་སྤྱིའི་ཁྱད་ནོར་ཞིག་ཀྱང་ཡིན་པ་གསུངས་ཡོད་པ་རེད།
ཁོང་གིས་ད་དུང་ཕྱི་ཟླ་བདུན་པ་དེ་བཞིན་བོད་ཀྱི་རིག་གནས་གཅེས་ནོར་གྱི་ཟླ་བར་ངོས་འཛིན་ཞུས་པ་དེའི་ཐོག་ནས་རྒྱ་ནག་གི་བོད་དང་འབྲེལ་གནད་དོན་ལ་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་པར་དྲང་བདེན་གྱི་གདོང་ལེན་བྱེད་པའི་གོ་སྐབས་ཀྱང་བསྐྲུན་ཐུབ་རྒྱུ་མ་ཟད། བོད་མིའི་འཚེ་བ་མེད་པའི་འཐབ་རྩོད་ཀྱི་རྒྱུན་བཟང་གོང་མཐོར་གཏོང་རྒྱུར་ཡང་ཕན་ཐོགས་ཡོང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
ཁེ་ན་ཌ་ཨོན་ཊེ་རི་ཡོའི་གྲོས་ཚོགས་ཀྱིས་ལོ་ལྟར་ཕྱི་ཟླ་བདུན་པ་དེ་བཞིན་བོད་ཀྱི་རིག་གནས་གཅེས་ནོར་གྱི་ཟླ་བར་ངོས་འཛིན་གཏན་འབེབས་བྱུང་བ་འདི་ནི་འཛམ་གླིང་ནང་གི་གྲོས་ཚོགས་ཤིག་གི་ནང་གི་བྱུང་བ་ཐོག་མ་དེ་ཡིན་པ་རེད། དཀར་པོ་ཆེ་བུ་འཁྲིད་ལགས་ནི་བོད་རིགས་ཤིག་འཛམ་གླིང་རང་དབང་གི་ཡུལ་གྲུ་ཞིག་གི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་ལ་འོས་འདེམས་བྱུང་བ་ཐོག་མ་དེ་ཡིན་པ་རེད།  
གྲོས་ཚོགས་ནས་གཏན་འབེབས་ཟིན་པའི་ཁྲིམས་ཡིག་འདི་ཨོན་ཊེ་རི་ཡོ་མངའ་སྡེའི་ལག་བསྟར་གྱི་ཁྲིམས་ཡིག་ཆགས་རྒྱུར་མངའ་སྡེའི་སྲིད་སྐྱོང་གི་བཀའ་ཁྲོལ་དང་ཆོག་མཆན་དགོས་ངེས་ལྟར། བོད་དང་འབྲེལ་བའི་གལ་ཆེའི་ཁྲིམས་འཆར་འདིར་སྤྱི་མོས་རྒྱབ་སྐྱོར་ཐོབ་པར་བརྟེན་སྲིད་སྐྱོང་གི་ངོས་ནས་ཆོག་མཆན་ཐོབ་རྒྱུར་དཀའ་ངལ་གང་ཡང་འཕྲད་རྒྱུ་མིན་པ་རེད་འདུག


མཆན། (0)
Share
དྲ་གནས་ཆ་ཚང༌།