རྒྱལ་སྤྱིའི་ཚོགས་སྡེ་ཁག་བརྒྱ་ལྷག་གིས་རྒྱ་ནག་ནས་ཨོ་རྩལ་འགྲན་ཚོགས་ཕྱིར་འཐེན་དགོས་པའི་ཞུ་སྐུལ།

2020-09-09
གློག་འཕྲིན།
མཆན།
Share
པར་བཀོད།
བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དྲུག་གིས་མཉམ་དུ་གསར་འགོད་གསལ་བསྒྲགས་སྤེལ་སྐབས། ༢༠༢༠།༩།༩
བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དྲུག་གིས་མཉམ་དུ་གསར་འགོད་གསལ་བསྒྲགས་སྤེལ་སྐབས། ༢༠༢༠།༩།༩
RFA/Dhasa

རྒྱལ་སྤྱིའི་ཚོགས་སྡེ་ཁག་བརྒྱ་ལྷག་གིས་རྒྱ་ནག་ནས་ཨོ་རྩལ་འགྲན་ཚོགས་ཕྱིར་འཐེན་དགོས་པའི་ཞུ་སྐུལ་དང་མི་རིང་བར་རྒྱ་ནག་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་འཆར་འདུག
འདི་ཚེས་༩་ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བེུད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་བཅས་བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དྲུག་གིས་མཉམ་དུ་གསར་འགོད་གསལ་བསྒྲགས་སྤེལ་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས་དེ་རིང་ཚེས་༩་ཉིན་སུད་སིར་དྲ་ལམ་བརྒྱུད་ཚོགས་བཞིན་པའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་འདུའི་ནང་། སྤྱི་ལོ་༢༠༢༢་ལོའི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་རྒྱུ་དང་འབྲེལ་བའི་སྐོར་ལ་གྲོས་བསྡུར་གནང་གི་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པའི་གནས་སྟངས་འོག་ནས་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ནང་ཚོགས་པའི་འོས་བབ་མེད་པའི་སྐྱོན་བརྗོད་དང་། རྒྱ་ནག་གཞུང་ལ་མུ་མཐུད་ནས་ངོ་རྒོལ་དང་འབྲེལ་ཨོ་རྩལ་འགྲན་ཚོགས་ཚོགས་ཡུལ་ལ་འགྱུར་བ་གཏོང་དགོས་པའི་ལས་འགུལ་མུ་མཐུད་དུ་སྤེལ་རྒྱུ་ཡིན་པ་བསྒྲགས་ཞོར། དེ་སྔ་སྤྱི་ལོ་༢༠༠༨་ལོའི་ཨོ་རྩལ་འགྲན་ཚོགས་སྐབས་བོད་མི་གཙོས་ལས་འགུལ་བ་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་ཤུགས་ཆེ་སྤེལ་སྐབས། ཨོ་རྩལ་ཚོགས་ཆུང་གིས་ཨོ་རྩལ་འགྲན་ཚོགས་རྗེས་རྒྱ་ནག་ནང་གི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་འགྲོ་རྒྱུ་ཡིན་པ་བརྗོད་ཡོད་ཀྱང་། ད་ལྟ་མི་ལོ་༡༢་རྗེས་རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་འཛིན་སྟངས་ཛ་དྲག་ཏུ་ཕྱིན་ཡོད་པ་དང་། བོད་ནང་གི་གནས་སྟངས་ཡར་རྒྱས་ཕྱིན་མེད་སྟབས། ང་ཚོས་༢༠༢༢་ལོའི་དགུན་དུས་ཨོ་རྩལ་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་གཏན་འཁེལ་ཡོད་པ་དེར་འགྱུར་བ་གཏོང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། དེ་ལྟར་མ་བྱུང་ཚེ་མུ་མཐུད་ནས་འཛམ་གླིང་གི་ས་ཕྱོགས་གང་སར་ལས་འགུལ་སྤེལ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་སོང་།
ད་དུང་ཁོང་གིས་སྤྱི་ཟླ་༡༠་ཚེས་གཅིག་སྟེ་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན། བོད་མི་དང་། ཐེ་ཝན། ཧོང་ཀོང་དང་ལྷོ་སོག ཡུ་གུར་བ་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་བཅས་རྒྱལ་སྤྱིའི་ནང་གི་ལས་འགུལ་བའི་ཚོགས་པ་བརྒྱ་ལྷག་དང་མཐུན་ཕྱོགས་རྣམས་ཀྱིས་མཉམ་དུ་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་སོང་།
དེ་བཞིན་བོད་རྒྱལ་ཡོང་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ཀྱིས། རྒྱ་ནག་དམར་ཤོག་གཞུང་གིས་རང་དབང་དང་། མང་གཙོ། འགྲོ་བ་མིའི་མིའི་ཐོབ་ཐང་ལ་དྲག་གནོན་ཇི་ཆེར་གཏོང་བཞིན་པའི་གནས་སྟངས་འོག་བོད་དེ་རྒྱལ་སྤྱིའི་ནང་རང་དབང་ཚད་དམའ་ཤོས་ཨང་གཉིས་པ་ཆགས་ཀྱི་ཡོད་སྟབས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་གནང་སོང་།
དེ་བཞིན་འདི་ཚེས་༩་ཉིན་བོད་མི་དང་། ཡུ་གུར། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་མཉམ་འབྲེལ་གྱི་སྒོ་ནས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ལ། རྒྱ་ནག་གཞུང་གིས་བོད་ནང་དང་། ཤར་ཏུར་ཀིསུ་ཐན། ཧོང་ཀོང་སོགས་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཚབས་ཆེ་གཏོང་བཞིན་པའི་གནས་སྟངས་འོག་རྒྱ་ནག་ལ་སྤྱི་ལོ་༢༠༢༢་ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་སྤྲད་པ་ནི་ནོར་འཁྲུལ་ཡིན་པས་ཚོགས་ཡུལ་འགྱུར་བ་གཏོང་དགོས་བའི་སྙན་ཞུ་ཕུལ་ཡོད་པ་རེད།
ཨ་རིའི་ནང་གི་ཚགས་པར་གྲགས་ཅན་(The Washington Post)་ཡི་ཐོག རྒྱ་ནག་གཞུང་གིས་མི་རིགས་གཅིག་ཡོངས་རྫོགས་དབུགས་སུབ་གཏོང་བཞིན་པའི་སྐབས་འདིར་སྤྱི་ལོ་༢༠༢༢་ལོའི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ནང་ཚོགས་འོས་མིན་འཛམ་གླིང་མི་མང་ཚོས་འདྲི་རྩད་བྱེད་དགོས་སྐོར་རྩོམ་སྒྲིག་པའི་གླེང་བརྗོད་སྤེལ་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།