རྙིང་མའི་དབུ་འཛིན་ཁྲི་རབས་ཀྱི་མཚན་གནས་འདོགས་མི་དགོས་པའི་ཐག་ཆོད་བྱུང་འདུག

2020-02-04
གློག་འཕྲིན།
མཆན།
Share
པར་བཀོད།
སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་༣༡་པ། ༢༠༢༠།༡།༢༦
སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་༣༡་པ། ༢༠༢༠།༡།༢༦
Tulku Pema Wangdak/FB

ཞེ་ཆེན་རབ་འབྱམས་འཇིགས་མེད་ཆོས་ཀྱི་སེང་གེ་མཆོག་ལ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པར་གསོལ་འདེབས་ཞུས་ཀྱང་། བསྟན་འགྲོའི་བདེ་རྩར་དགོངས་བཞེས་ཀྱིས་ཞལ་བཞེས་གནང་མེད་པར་བརྟེན་སླད་ཕྱིན་རྙིང་མའི་དབུ་འཛིན་གྱི་མཚན་གནས་འདོགས་མི་དགོས་པར་སྔ་འགྱུར་རྙིང་མའི་བསྟན་དོན་དང་འབྲེལ་བའི་གནད་དོན་རྣམས་རྙིང་མ་སྤྱི་ལ་ཁྱབ་པའི་སྨོན་ལམ་ཆེན་མོའི་སྒྲིག་འཛུགས་ཀྱིས་ཐུགས་འགན་བཞེས་རྒྱུར་ཐག་གཅོད་བྱུང་འདུག
ད་ཡང་ཕྱི་ཚེས་༢་ཉིན་གནས་མཆོག་རྡོ་རྗེ་གདན་དུ། རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོར་བཅར་བའི་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་ནས་ཕེབས་པའི་དགེ་འདུན་པ་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཐོག་སྔ་འགྱུར་རྙིང་མའི་མཁན་བླ་སྤྲུལ་ཁག་དང་། རྙིང་མའི་སྤྱི་འཐུས་རྣམ་པ། དེ་བཞིན་སྨོན་ལམ་ཆེན་མོའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པས་དབུས་དགོན་སྡེ་ཁག་གི་སྐུ་ཚབ་དགེ་བསྐོས་རྣམ་པ་བཅས་ཀྱིས་བཀའ་བསྡུར་གནང་བའི་མཐར་གྲོས་ཆོད་གཏན་འབེབས་བྱུང་བར་གཞིགས་ན། ཞེ་ཆེན་རབ་འབྱམས་འཇིགས་མེད་ཆོས་ཀྱི་སེང་གེ་མཆོག་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པར་མང་མོས་ཀྱིས་བསྐོ་གཞག་ཐག་གཅོད་ཞུས་པའི་སྐོར་རིན་པོ་ཆེ་མཆོག་ལ་སྙན་སེང་ཞུས་གནང་ཡོད་ཀྱང་། རིན་པོ་ཆེ་མཆོག་གིས་ཞལ་བཞེས་གནང་མེད་པར་བརྟེན་སླད་ཕྱིན་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་མཚན་གནས་འདོགས་མི་དགོས་པར་རྙིང་མའི་བསྟན་དོན་དང་འབྲེལ་བའི་གནད་དོན་རྣམས་རྙིང་མ་སྤྱི་ལ་ཁྱབ་པའི་སྨོན་ལམ་ཆེན་མོའི་སྒྲིག་འཛུགས་ཀྱིས་ཐུགས་འགན་བཞེས་རྒྱུར་ཐུགས་ཐག་གཅོད་གནང་ཡོད་པ་རེད་འདུག
དེ་སྔ་སྤྱི་ལོ་༢༠༡༨་ལོར་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ཉི་ཤུ་རྩ་དགུ་པའི་སྐབས་སུ་བཙན་བྱོལ་ནང་དུ་ཡོད་པའི་རྙིང་མའི་མ་དགོན་དྲུག་ཁག་སོ་སོའི་བླ་ཆེན་ཁག་རིམ་པས་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་མཚན་གནས་ལོ་གསུམ་རིང་རེས་མོས་བྱས་ནས་བཞེས་རྒྱུའི་ཐུགས་ཐག་བཅད་གནང་བ་ལྟར། སྤྱི་ལོ་ ༢༠༡༨་ཕྱི་ཟླ་ ༡་ཚེས་ ༢༦ ་ཉིན་ཀ་ཐོག་དགེ་རྩེ་རིན་པོ་ཆེ་མཆོག་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པར་བདམས་ཐོན་བྱུང་བའི་ཁྲི་འདོན་གྱི་མཛད་སྒོ་ཚོགས་ཡོད་པ་རེད། འོན་ཀྱང་ལོ་དེའི་ཕྱི་ཟླ་ ༡༡ ་ཕྱི་ཚེས་ ༡༩ ་ཉིན་ཀ་ཐོག་དགེ་རྩེ་རིན་པོ་ཆེ་མཆོག་དགུང་ལོ་ ༦༤ ་ཐོག་བལ་ཡུལ་གྱི་གནས་མཆོག་ཡང་ལེ་ཤོད་དུ་གློ་བུར་དུ་དགོངས་པ་རྫོགས་པའི་གནས་ཚུལ་བྱུང་ཡོད་སྟབས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༠ ་པའི་ཐོག་རྫོགས་ཆེན་འཇིགས་མེད་བློ་གསལ་དབང་པོ་རིན་པོ་ཆེ་མཆོག་ལ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་ ༨ ་པར་བསྐོ་གཞག་གནང་རྒྱུའི་མོས་མཐུན་བྱུང་ཡོད་ཀྱང་རིན་པོ་ཆེ་མཆོག་གིས་ཀྱང་རྒྱུ་མཚན་ཁག་ཅིག་ལ་བརྟེན་ནས་དབུ་འཛིན་གྱི་ཐུགས་འགན་བཞེས་མེད་པ་རེད།
སྔ་འགྱུར་རྙིང་མའི་ཁྲི་རབས་ཀྱི་མཚན་གནས་དེ་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་རྗེས་བཙན་བྱོལ་ནང་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་དབུ་འཛིན་མཚན་གནས་རིམ་པར་འབུལ་བཞེས་ཀྱི་ལམ་སྲོལ་ཆགས་པ་ནས་བཟུང༌།  རྙིང་མའི་ཆོས་བརྒྱུད་ཀྱི་དབུ་འཛིན་ཐོག་མ་བདུད་འཇོམས་རིན་པོ་ཆེ་དང་། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།  གྲུབ་དབང་པད་ནོར་རིན་པོ་ཆེ།  སྨིན་གླིང་ཁྲི་ཆེན་རིན་པོ་ཆེ།  འཁྲུལ་ཞིག་རིན་པོ་ཆེ། སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ།   ཀཿཐོག་དགེ་རྩེ་རིན་པོ་ཆེ་བཅས་ཀྱིས་སྔ་འགྱུར་རྙིང་མའི་ཁྲི་རབས་ཀྱི་མཚན་གནས་འཁུར་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།