བལ་ཡུལ་གཞུང་གིས་ཁུ་སིམ་ངང་རྒྱ་ནག་གི་སྲིད་འཛིན་ཕེབས་རྒྱུར་གྲྭ་སྒྲིག་བྱེད་ཀྱི་འདུག

2019-09-04
གློག་འཕྲིན།
མཆན།
Share
པར་བཀོད།
བལ་ཡུལ་གྱི་སྲིད་འཛིན་རྒྱ་ནག་ལ་མཚམས་གཟིགས་སྐབས་སྲིད་འཛིན་ཞེ་དང་མཉམ། ༢༠༡༩།༤།༢༩
བལ་ཡུལ་གྱི་སྲིད་འཛིན་རྒྱ་ནག་ལ་མཚམས་གཟིགས་སྐབས་སྲིད་འཛིན་ཞེ་དང་མཉམ། ༢༠༡༩།༤།༢༩
AP

བལ་ཡུལ་གཞུང་གིས་ཁུ་སིམ་ངང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིང་བལ་ཡུལ་ནང་འཚམས་གཟིགས་སུ་ཕེབས་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིང་ཕྱི་ཟླ་བཅུ་པའི་ཚེས་༡༡་ནས་ཉིན་གྲངས་ལྔའི་རིང་། རྒྱ་གར་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ་བཞིན། དེ་དང་བསྟུན་ནས་བལ་ཡུལ་གཞུང་གིས་ཞེ་ཅིན་ཕིང་བལ་ཡུལ་ནང་འཚམས་གཟིགས་སུ་ཕེབས་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པའི་སྐོར (republica)་ཞེས་པའི་བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་འདུག
གོང་ཞུས་ཀྱི་གནས་ཚུལ་ཐད། བལ་ཡུལ་གཞུང་ཕྱོགས་ནས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱས་མེད་ཀྱང་། གནས་ཚུལ་རྒྱུས་མངའ་ཡོད་མཁན་ཞིག་གིས། བལ་ཡུལ་གྱི་འབྲེལ་ཡོད་ལས་ཁང་གིས་ཞེ་ཅིན་ཕིང་བལ་ཡུལ་ནང་ཕེབས་རྒྱུར་གྲ་སྒྲིག་བྱེད་བཞིན་པ་དང་།  ཁོང་གིས་རྒྱ་གར་གྱི་འཚམས་གཟིགས་མཇུག་སྒྲིལ་རྗེས་ཕྱི་ཚེས་༡༥་ནས་བལ་ཡུལ་ནང་ཕེབས་སྲིད་པའི་ཚོད་རྩིས་བྱས་ཡོད་པ་མ་ཟད། མི་སྣ་དེས་ད་དུང་རྒྱ་ནག་གིས་དེའི་གོང་བདེ་འཇགས་མི་སྣ་བལ་ཡུལ་ནང་བཏང་ནས་བལ་ཡུལ་གྱི་བདེ་འཇགས་ལས་དོན་ཐད་ལྟ་ཞིབ་ཀྱིས་ཞེ་ཅིན་ཕིང་བལ་ཡུལ་ནང་ཕེབས་པའི་སྐབས་བདེ་འཇགས་ཉེན་ཚབ་མེད་པའི་འགན་ལེན་ཐུབ་ཆེད་ཡིན་པ་གོང་གི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་ཡོད་འདུག
དེ་བཞིན་གཟའ་འཁོར་རྗེས་མ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་བང་ཡེས་བལ་ཡུལ་ནང་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་པ་དང་། ཚོད་རྩིས་ལྟར་ན། རྒྱ་ནག་གི་འགོ་ཁྲིད་ཞེ་ཅིན་ཕིང་བལ་ཡུལ་ནང་འཚམས་གཟིགས་ཀྱི་གནད་དོན་དང་། དེ་བཞིན་རྒྱ་ནག་དང་བལ་ཡུལ་དབར་བརྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་གྲོས་མཐུན་ཁག་འཇོག་ཐུབ་རྒྱུར་སྔོན་འགྲོའི་གྲོས་མོལ་བྱ་རྒྱུའི་ཆེད་དུ་ཡིན་པའི་སྐོར་བཀོད་འདུག
བལ་ཡུལ་གྱི་སྲིད་འཛིན་ད་ལོ་ཕྱི་ཟླ་བཞི་པའི་ནང་། རྒྱ་ནག་དུ་འཚམས་གཟིགས་གནང་བའི་སྐབས་རྒྱ་ནག་གི་འགོ་ཁྲིད་ཞེ་ཅིན་ཕིང་བལ་ཡུལ་ནང་འཚམས་གཟིགས་སུ་ཕེབས་རྒྱུའི་གདན་ཞུ་གནང་ཡོད་པ་དང་། དེའི་སྐབས་ཞེ་ཅིན་ཕིང་གིས་སྟབས་བདེ་བྱུང་ཚེ་བལ་ཡུལ་ནང་ཕེབས་རྒྱུ་ཁས་ལེན་གནང་ཡོད་པ་རེད། བལ་ཡུལ་གཞུང་གིས་ད་རེས་ཞེ་ཅིན་ཕིང་བལ་ཡུལ་ནང་ཕེབས་རྒྱུར་བདེ་འཇགས་གནད་དོན་སོགས་ཀྱི་ཐོག་ཞིབ་ནན་བྱེད་བཞིན་པའི་ཁར། དེ་བཞིན་ཕྱི་ཟླ་བཅུ་པའི་ཚེས་༡༣་ནས་༡༦་བར་བལ་ཡུལ་གྱི་རྒྱལ་ས་ཀཱ་ཐ་མཎ་ཀྲོའུ་ནང་བལ་ཡུལ་གྱི་གཞུང་འབྲེལ་མིན་པའི་(NRNA)་ཚོགས་པའི་གོ་སྒྲིག་འོག་ཚོགས་རྒྱུའི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་དུས་ཚོད་མནར་འགྱངས་བྱ་རྒྱུའི་སྐོར་བལ་ཡུལ་གྱི་དཔོན་རིགས་ནས་ཚོགས་པ་དེའི་འབྲེལ་ཡོད་འགོ་ཁྲིད་དང་གྲོས་མོལ་བྱེད་ཀྱི་ཡོད་པའི་སྐོར་གནས་ཚུལ་ཤེས་རྟོགས་ཡོད་མཁན་ཞིག་གིས་བརྗོད་ཡོད་འདུག
ཞེ་ཅིན་ཕིང་ཕྱི་ཟླ་བཅུ་པའི་ནང་རྒྱ་གར་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རྒྱུ་དེ་ནི། ཡུལ་གཉིས་ཀྱི་དཔོན་རིགས་དབར་རྒྱ་ནག་གི་ཝུའུ་ནན་གྲོང་ཁྱེར་དུ་ཐུག་འཕྲད་གནང་བའི་རྗེས་ཀྱི་མཇལ་མོལ་ཐེངས་གཉིས་པ་དེ་ཡིན་པ་དང་། རིང་མིན་རྒྱ་དཀར་ནག་གཉིས་ཀྱི་ཆེས་མཐོའི་དཔོན་རིགས་དབར་གྱི་མཇལ་འཕྲད་དེ་བཞིན་དེང་སྐབས་རྒྱ་གར་གྱི་ཀ་ཤི་མིར་གནད་དོན་དང་། ཧོང་ཀོང་གི་གནད་དོན། དེ་བཞིན་རྒྱལ་ཁབ་གཉིས་དབར་གྱི་ས་མཚམས་ཀྱི་རྩོད་རྙོག་སོགས་ཀྱི་ཁོར་ཡུག་འོག་གནང་གི་ཡོད་པར་བརྟེན་ནས་རྒྱལ་སྤྱིའི་ཐོག་ནས་ཀྱང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།