ལྷ་མོ་ལགས་རྒྱ་ནག་གི་བཀག་ཉར་འོག་རྡུང་རྡེག་བཏང་བའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་འདུག

2020-10-29
གློག་འཕྲིན།
མཆན།
Share
པར་བཀོད།
ལྷ་མོ་དང་བསྟན་འཛིན་ཐར་པ་གཉིས་ཀྱི་པར།
ལྷ་མོ་དང་བསྟན་འཛིན་ཐར་པ་གཉིས་ཀྱི་པར།
HRW

རྒྱ་གར་དུ་དངུལ་བཏང་ཡོད་པའི་ཉེས་འཛུགས་འོག་ཁམས༌འབྲི་རུ་རྫོང་ཆགས་རྩེ་ཤང་ནས་ཡིན་པའི་བུད་མེད་ལྷ་མོ་ལགས་དང་ཁོང་མོའི་སྤུན་མཆེད་བསྟན་འཛིན་ཐར་པ་ལགས་རྣམ་གཉིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ལྷ་མོ་ལགས་རྡུང་རྡེག་ཚབས་ཆེན་བཏང་བའི་དབང་གིས་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་འདུག
༢༠༢༠ལོའི་སྤྱི་ཟླ་༦པའི་ནང་བོད་ནག་ཆུ་ཁུལ་དུ། གློ་བུར་དུ་རྒྱ་ནག་གཞུང་གིས་རང་ལོ་༣༩ཡིན་པའི་བསྟན་འཛིན་ཐར་པ་ལགས་འཛིན་བཟུང་བྱས་ཤིང་། ཉིན་གཉིས་ཀྱི་རྗེས་ཀྱི་མཚན་མོར་དགུང་ལོ་༣༦ལ་སོན་པ་ཁོང་གི་ཨ་ཞང་གི་བུ་མོ་ལྷ་མོ་ལགས་འཛིན་བཟུང་བྱས་འདུག འཛིན་བཟུང་བྱས་དོན་གཙོ་བོ་ནི། ཁོང་གཉིས་ཀྱིས་རྒྱ་གར་ལ་འབྲེལ་བ་བྱས་ཏེ་དངུལ་བཏང་ཡོད་པའི་རྒྱུ་མཚན་དང་། ལྷ་མོ་ལགས་འཛིན་བཟུང་བྱས་ནས་ཉིན་ཤས་ཀྱི་རྗེས་སུ་ཉེན་རྟོག་པ་ཁ་ཤས་ལྷ་མོ་ལགས་ཀྱི་ནང་དུ་ཡོང་ནས་ཅ་དངོས་སྔོག་གཤེར་བྱས་ཏེ། ༧གོང་ས་མཆོག་གི་སྐུ་པར་དང་བཀའ་ཆོས་ཀྱི་འོད་སྡེར་སོགས་བཙན་གྱིས་ཁྱེར་ཡོད་འདུག དེ་རྗེས་༢༠༢༠ལོའི་སྤྱི་ཟླ་༨པའི་ནང་ལྷ་མོ་ལགས་ཀྱི་ནང་མིར་ཉེན་རྟོག་པས་ཁ་པར་འབྱོར་ཞིང་གང་མགྱོགས་ནག་ཆུའི་སྨན་ཁང་ཞིག་ཏུ་ཡོང་དགོས་སྐོར་བཤད་འདུག་པ་དང་། ཁོང་མོའི་ནང་མི་སྨན་ཁང་དུ་འགྲོ་སྐབས་ལྷ་མོ་ལགས་ཀྱི་གནས་སྟངས་ཧ་ཅང་སྡུག་པོ་ཡོད་འདུག་ཅིང་། མིག་གིས་ཅུང་ཟད་བལྟ་ཐུབ་པ་ལས་སྐད་ཆ་བཤད་ཐུབ་ཀྱི་མེད་པ་དང་གདོང་པ་ཡོངས་རྫོགས་སྐྲང་ཞིང་སྔོན་པོ་ཆགས་ཏེ་ངོ་མི་ཤེས་པ་ཆགས་ཡོད་འདུག སྨན་ཁང་ནང་ཉིན་ཤས་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་སྨན་ཁང་དུ་གྲོངས་ཡོད་འདུག བོད་ནང་ད་དུང་ཡང་མི་འདས་གྲོངས་སུ་གྱུར་རྗེས་ཕུང་པོ་བྱི་དོར་བྱེད་སྲོལ་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོང་མོའི་ཕུང་པོ་མེར་སྲེག་དགོས་པའི་བཙན་བཀའི་འོག་ཏུ་མེར་སྲེག་བཏང་དགོས་བྱུང་འདུག་པས་ལུས་ལ་རྨ་ཁ་སོགས་ཡོད་མེད་ལྟ་བཅུག་མེད་པ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པ་འབྲི་རུ་ནས་ཡིན་པའི་དཀོན་མཆོག་རིན་ཆེན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད་པ་རེད།
གནས་ཚུལ་མཁོ་སྤྲོད་པ་དཀོན་མཆོག་རིན་ཆེན་ལགས་ཀྱིས་གསུངས་ན། ལྷ་མོ་ལགས་ནི་སྤྱིར་བཏང་གི་འབྲོག་མོ་དཀྱུས་མ་ཞིག་ཡིན་པ་དང་། མོ་རང་ལ་ནད་གཞི་རྙིང་པའི་རིགས་གང་ཡང་མེད་པ་ཞིག་ཡིན་འདུག ཁོང་མོར་ཕྲུག་གུ་གསུམ་ཡོད་པ་དང་། ཆུང་ཤོས་དེ་ལོ་བདུན་ཙམ་ཡིན་འདུག་ཅིང་། ལྷ་མོ་ལགས་ཀྱི་སྤུན་བསྟན་འཛིན་ཐར་པ་ལགས་སྤྱི་ཟླ་ ༦ ནང་གློ་བུར་དུ་འཛིན་བཟུང་བྱས་པའི་རྗེས། ས་གནས་གང་དུ་ཡོད་མེད་ཤེས་རྟོགས་མེད་པ་ཆགས་སྟབས། ནང་མི་ཉེ་འབྲེལ་གྱིས་ཁྲིམས་རྩོད་པ་གླས་ཏེ་ཁོང་གང་དུ་ཡོད་མེད་རྩད་གཅོད་ཀྱིས་ཐུག་འཕྲད་བྱ་ཐབས་སོགས་བྱས་སྐབས། ད་ལྟ་ནག་ཆུའི་བཙོན་ཁང་ཞིག་གི་ནང་དུ་ཡོད་པ་ཤེས་རྟོགས་བྱུང་འདུག
གནས་ཚུལ་མཁོ་སྤྲོད་པས་གསུངས་ན་ཁོང་གཉིས་འཛིན་བཟུང་དགོས་དོན་ནི་རྒྱ་གར་ལ་འབྲེལ་བ་བྱས་ཏེ་དངུལ་བཏང་བའི་དོན་རྐྱེན་གྱིས་ཡིན་པ་གསལ་པོ་ཡིན་འདུག བསྟན་འཛིན་ཐར་པ་ལགས་འཛིན་བཟུང་བྱས་ནས་ཟླ་བ་བཞི་ཙམ་སོང་ཟིན་ན་ཡང་། ད་ལྟའི་ཆར་ཁྲིམས་ཐག་བཅད་མེད་པས་དུས་ཡུན་ཅི་ཙམ་བཙོན་འཇུག་བྱ་མིན་ཤེས་རྟོགས་མེད་པ་ཡིན་འདུག
བསྟན་འཛིན་ཐར་པ་ལགས་ནི་སྔོན་མ་གྲྭ་པ་ཞིག་ཡིན་འདུག་ཅིང་། གསེར་རྟ་ནང་བསྟན་སློབ་གླིང་དུ་སློབ་གཉེར་གནང་མྱོང་ཡོད་པ་དང་། སྐབས་དེར་“འཚེ་བ་མེད་པ”ཞེས་པ་དང་། “རྒྱང་འཛིན་”ཞེས་པ་སོགས་དཔེ་དེབ་ཁ་ཤས་ཀྱང་དཔར་སྐྲུན་གནང་ཡོད་འདུག
༢༠༡༢ ཙམ་ལ་ཕ་ཡུལ་དུ་ལོག་སྟེ་ཆགས་རྩེ་ཤང་དུ་སློབ་གྲྭ་ཞིག་བཙུགས་ཤིང་། འོན་ཀྱང་དུས་ཡུན་རིང་པ་མ་སོང་རྗེས་ཆགས་རྩེ་ཤང་མི་དམངས་སྲིད་གཞུང་ཟེར་བས་སློབ་གྲྭ་དེ་ཁྲིམས་མཐུན་མིན་ཚུལ་བཤད་དེ་སྒོ་བརྒྱབ་ཡོད་འདུག དུས་དེ་ནས་བཟུང་བསྟན་འཛིན་ཐར་པ་ལགས་ལྟ་རྟོག་གི་འོག་ཏུ་གནས་མུས་ཡིན་འདུག་པ་དང་། ༢༠༡༤ཙམ་ནས་ཁོང་གིས་དབྱར་རྩྭ་དགུན་འབུ་དང་ས་ཁང་སོགས་ཉོ་ཚོང་སོགས་ཚོང་ལས་གཉེར་འགོ་བཙུགས་ཏེ། ༢༠༡༥ཙམ་ནས་“བོད་ལྗོངས་འབྲི་རུ་ཐོན་རྫས་ཚད་ཡོད་མཐུན་གཉེར་ཁང་”ཟེར་བ་ཆེད་བཙུགས་ཀྱིས་ཁོང་རང་ཉིད་ཚོང་གཉེར་ཁང་དེའི་སྤྱི་ཁྱབ་འགན་འཛིན་བྱེད་ཡོད་པ་རེད་འདུག
ལྷ་མོ་ལགས་འདས་གྲོངས་སུ་གྱུར་བ་དང་བསྟན་འཛིན་ཐར་པ་ལགས་འཇུ་བཟུང་བྱས་པ་འདིའི་ཐད་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་རླུང་འཕྲིན་ཁང་ལ། འདས་པའི་ལོ་རྒྱུས་ལ་ང་ཚོས་ཕྱི་བལྟས་ཤིག་བྱས་པ་ཡིན་ན། རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་མང་པོ་བཙོན་ཁང་ན་ཉེས་རྡུང་ཚབ་ཆེན་བཏང་བའི་རྐྱེན་ཨ་ཅག་ལྷ་མོ་ནང་བཞིན་འདས་གྲོངས་སུ་ཕྱིན་པ་མང་པོ་ཡོད་པ་དང་། རྒྱ་ནག་གཞུང་གིས་ད་ལྟའི་བྱ་སྤྱོད་དེའི་རིགས་ནི་རྒྱལ་སྤྱིའི་འགྲོ་བོ་མིའི་ཐབ་ཐང་གི་ཁྲིམས་དང་འགལ་ཡོད་པ་མ་ཟད། རྒྱ་ནག་རང་ཉིད་ཀྱི་ཉེས་དོན་གཏུགས་བཤེར་བཅའ་ཁྲིམས་དང་ཡོངས་སུ་འགལ་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།

ཡང་ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་(Sophie Richardson)ལགས་ཀྱིས། བོད་མི་ལྷ་མོ་ལགས་འདས་གྲོངས་སུ་ཕྱིན་པ་དེས་རྒྱ་ནག་གི་བཀག་ཉར་འོག་མནར་གཅོད་དང་འདས་གྲོངས་སུ་འགྲོ་བཞིན་ཡོད་པ་ད་ལྟ་མངོན་གསལ་དུ་གྱུར་ཡོད་ལ། བོད་ཀྱི་ས་གནས་ཁག་ནང་དབང་འཛིན་པ་ཚོས་བཙན་དབང་གི་གང་བྱུང་འཛིན་བཟུང་དང་། ལྟ་སྐྱོང་ཡག་པོ་མེད་པ། དེ་བཞིན་འཚོ་གནས་ཀྱི་ཐོབ་ཐང་བཙན་འཕྲོག་བྱས་པ་སོགས་ལ་ངེས་པར་དུ་གསལ་བཤད་ཀྱི་འགན་ལེན་དགོས་པ་གསུངས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།