རྒྱ་གར་ནང་རྒྱ་ནག་གི་ཤུགས་རྐྱེན་མི་འབྱུང་བའི་ཆེད་དུ་དོགས་ཟོན་ནན་མོ་བྱེད་བཞིན་པ།

2020-03-09
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་གྱི་སྲིད་བློན་ན་རེན་དྷརཱ་མོ་དྷི་(modi)མཆོག་རྒྱ་ནག་དུ། ༢༠༡༨།༦།༡༠
རྒྱ་གར་གྱི་སྲིད་བློན་ན་རེན་དྷརཱ་མོ་དྷི་(modi)མཆོག་རྒྱ་ནག་དུ། ༢༠༡༨།༦།༡༠
AP

རྒྱ་གར་ནང་གི་ནང་པའི་དགོན་སྡེ་ཁག་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མངའ་ཁུལ་དུ་རྒྱ་ནག་གི་ཤུགས་རྐྱེན་མི་ཡོང་ཆེད་རྒྱ་གར་གཞུང་གིས་དོགས་ཟོན་ནན་མོ་བྱེད་བཞིན་པ་རེད་འདུག
རྒྱ་གར་གྱི་སྲིད་བློན་མོ་དྷི་(Narendra Modi)་མཆོག་གིས་སྔ་ལོའི་ཕྱི་ཟླ་༡༢ ་པའི་ཚེས་ ༦ ་ནས་ ༨ ་བར་ཚོགས་པའི་རྒྱ་གར་གྱི་(IB)་ཞེས་གསང་བའི་སྒྲིག་འཛུགས་ཀྱི་ལྷན་ཚོགས་ཐོག་རྒྱ་གར་གྱི་ཧི་མ་ལ་ཡའི་རི་བརྒྱུད་མངའ་ཁུལ་ནང་། རྒྱ་ནག་གི་ཤུགས་རྐྱེན་མི་འབྱུང་བའི་ཆེད་དུ་བརྡ་ཁྱབ་གཅིག་བཏང་གནང་བ་དེ་ཉེ་ཆར་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་ཁག་ལའང་བཏང་གནང་ཡོད་པའི་གནས་ཚུལ་རྒྱ་གར་གྱི་(Hindustan Times)་ཞེས་པའི་གསར་ཤོག་གིས་ཕྱི་ཚེས་ ༩ ་ཉིན་གནས་ཚུལ་སྤེལ་འདུག
སྲིད་བློན་མོ་དྷི་(Narendra Modi)་མཆོག་གིས་གོང་ཞུས་ཀྱི་བརྡ་ཁྱབ་དེ་ལྟར་བཏང་གནང་དགོས་དོན་ནི། རྒྱ་གར་གྱི་ཧི་མ་ལ་ཡའི་མངའ་ཁུལ་དང་། དེ་ཁུལ་གྱི་དགོན་སྡེ་ཁག་གི་ནང་རྒྱ་ནག་གི་ཤུགས་རྐྱེན་མི་འབྱུང་བའི་ཆེད་དང་། དེ་དག་སྣང་མེད་དུ་འཇོག་དོན་མེད་པའི་ཆེད་གནང་བ་ཞིག་ཡིན་པ་རྒྱ་གར་གྱི་གསང་བའི་ལས་ཁུངས་ཤིག་གི་ནང་ལས་ཀ་བྱེད་མཁན་ཞིག་གིས་གསུང་འདུག
ཡང་རྒྱ་གར་གྱི་(Gateway House)་ཞེས་པའི་སྲུང་སྐྱོབ་དང་འབྲེལ་བའི་ཉམས་ཞིབ་ཁང་དེར་ཕྱག་ལས་གནང་མྱོང་ཡོད་མཁན་སྐུ་ཞབས་(Sameer Patil)་ཡིས་ཕྱི་ལོ་ ༢༠༡༨ ་ལོའི་ཕྱི་ཟླ་དྲུག་པའི་ནང་གསུང་ན། རྒྱ་ནག་གིས་ས་མཚམས་ས་ཁུལ་དུ་ཤུགས་རྐྱེན་ཆེ་རུ་སྤྲོད་རྒྱུའི་ཐོག་ལས་ཀ་བྱེད་ཀྱི་ཡོད་པ་མ་ཟད། ལ་དྭགས་མངའ་ཁུལ་གྱི་དགོན་སྡེ་ཁག་ནང་ཁུལ་གྱི་འགལ་ཟླ་དེ་བེད་སྤྱོད་གཏོང་གི་ཡོད་པ་གསུང་འདུག
དེ་བཞིན་ཁོང་གིས་རྒྱ་ནག་གིས་ལོ་ངོ་ཉི་ཤུའི་རིང་། ལ་དྭགས་ཀྱི་དགོན་སྡེ་ཁག་གི་ལྷ་སྐུ་དང་ལྡེབ་རིས་ཁག་ཉམས་གསོ་བྱས་ཡོད་པ་རེད། རྒྱ་ནག་གི་ཉམས་གསོའི་ལས་དོན་གྱི་ཁེ་ཕན་དེ། ཁུལ་དེར་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་སྡེ་གྲངས་ ༢༦༠ ་སྐོར་ཞིག་ཡོད་པ་དེ་དག་ལ་བྱུང་ཡོད་པ་དང་། དགོན་པ་དེ་དག་ནང་ལ་དྭགས་ནང་རིན་ཐང་ཆེ་བའི་སྒྱུ་རྩལ་གནའ་རྫས་རིགས་ཡོད་པ་དེ་དག་ཡིན་པ་དང་། དེ་དག་ལ་དྭགས་པ་ཚོས་རྩ་ཆེར་འཛིན་གྱི་ཡོད་པ་རེད་ཅེས་གསུང་འདུག
ཡང་ཕྱི་ལོ་ ༢༠༠༨ ་ནས་ཕྱི་ལོ་ ༢༠༡༣ ་བར་རྒྱ་གར་གྱི་གསང་བའི་སྒྲིག་འཛུགས་ནང་ཕྱག་ལས་གནང་མྱོང་ཡོད་མཁན་གོང་ཞུས་སྐུ་ཞབས་(Patel)་ཡིས། ཉེ་ཆར་རྒྱ་གར་གཞུང་གིས་ལ་དྭགས་ཀྱི་མངའ་ཁུལ་དེ་དབུས་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་བཅུག་གནང་རྒྱུའི་ཐག་གཅོད་དེ་ཡང་མངའ་ཁུལ་དེར་དབུས་གཞུང་ནས་དོ་སྣང་ཡོང་རྒྱུའི་ཆེད་ཡིན་སྲིད་པའི་སྐོར་དང་། དེར་གྲུབ་འབྲས་ཐོན་པའི་རེ་བ་ཡོད་པའི་སྐོར་གསུང་འདུག
རྒྱ་གར་དང་བོད་ཀྱི་ས་མཚམས་མངའ་ཁུལ་དུ་རྒྱ་ནག་གིས་འཛུགས་བསྐྲུན་གྱི་ལས་གཞི་ཇེ་མང་དུ་བཏང་ཡོད་པ་དང་། སྲུང་སྐྱོབ་ཀྱི་ལས་དོན་ཡང་རྒྱ་བསྐྱེད་གཏོང་གི་ཡོདཔ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།