རྒྱ་ནག་གི་སྐད་གཉིས་སློབ་གསོ་དང་བོད་ཀྱི་སྐད་ཡིག་གི་ཉེན་ཁའི་ཐད་སྙན་ཐོ་བཏོན་འདུག

2020-03-05
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ནང་རྒྱ་ནག་གི་དྲིལ་བསྒྲགས།
བོད་ནང་རྒྱ་ནག་གི་དྲིལ་བསྒྲགས།
HRW

རྒྱ་ནག་གཞུང་གིས་བོད་ནང་སྐད་གཉིས་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་པ་དེས་བོད་ནང་བོད་ཀྱི་སྐད་ཡིག་གི་བསླབ་གཞིའི་མདུན་ལམ་ལ་ཉེན་ཁ་འཕྲད་བཞིན་པ་ཞེས་སྙན་ཐོ་བཏོན་འདུག
ཨ་མི་རི་ཀར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ(Human Rights Watch)་ཡིས་ཕྱི་ཟླ་༣ ་ཚེས་ ༥ ་ཉིན། རྒྱ་ནག་གཞུང་གིས་བོད་ནང་སྐད་གཉིས་སློབ་གསོའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་ཤེས་ཡོན་སློབ་གསོའི་སྲིད་ཇུས་འོག་བོད་ཀྱི་སྐད་ཡིག་བརྒྱུད་སློབ་ཁྲིད་བྱེད་སྲོལ་མེད་པ་བཟོ་བའི་ཉེན་ཁ་ཡོད་སྐོར་ཤོག་ངོས་༩༡་ཅན་གྱི་ཞིབ་འཇུག་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དང་། སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་སློབ་གསོའི་གོ་སྐབས་ཡར་རྒྱས་གཏོང་བ་ཡིན་ཁུལ་གྱིས་བོད་ནང་གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་ཐོབ་ཐང་ཉམས་རྒུད་དུ་བཏང་བར་ཞིབ་དཔྱད་གནང་ནས། མངོན་གསལ་དོད་པོས་སྐད་གཉིས་བུ་བཅོལ་ཁང་དུ་བོད་རིགས་ཀྱི་བྱིས་པ་རྣམས་ལ་རྒྱ་སྐད་སྦྱོང་དུ་བཅུག་པ་དང་། རང་ལོ་གསུམ་ནས་“མི་རིགས་མཐུན་སྒྲིལ་ལ་ཤུགས་གནོན་བྱེད་པ་”ཞེས་པའི་མིང་ཐོག་ནས་སྲིད་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་རྣམས་མྱོང་དུ་འཇུག་གི་ཡོད་པ། སྲིད་ཇུས་དེ་དག་ནི་སྲིད་འཛིན་ཞེ་ཅིན་ཕིང་གི་འགོ་ཁྲིད་འོག་གྲངས་ཉུང་མི་རིགས་ལ་“སིམ་འཛུལ”་བྱེད་པའི་སྲིད་ཇུས་ཞིག་དར་ཁྱབ་དུ་ཕྱིན་པ་མངོན་གྱི་ཡོད་པ་སོགས་འཁོད་ཡོད་པ་མ་ཟད། ལྷག་པར་བོད་ནང་རྒྱ་ནག་གཞུང་གིས་ཤེས་ཡོན་སློབ་གསོའི་བསླབ་གཞི་ཁག་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་ཁྲིད་བྱེད་རྒྱུ་མེད་པ་བཟོ་བཞིན་པ་ནི། རྒྱ་ནག་གཞུང་གིས་སྲིད་དོན་གྱི་དགོས་མཁོར་དམིགས་པ་ཞིག་ལས་ཤེས་ཡོན་ཡར་རྒྱས་ཀྱི་ཆེད་དུ་མིན་པ་སྐྱོན་བརྗོད་གནང་འདུག
དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་སོ་ཧྥི་རི་ཆརཌ་སཱན་(Sophie Richardson)་ལགས་ཀྱིས། རྒྱ་ནག་གིས“སྐད་གཉིས་སློབ་གསོའི”སྲིད་ཇུས་དེ་ནི་སློབ་གསོ་ལས་ཆབ་སྲིད་ཀྱི་དགོས་མཁོར་གཙོ་བོ་དམིགས་ཡོད་པ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་མཐུན་འོས་འགན་ལ་བརྩིས་མེད་བཏང་ནས་བོད་པ་རྣམས་ལ་བོད་སྐད་ཀྱི་ཐོག་ནས་སློབ་ཁྲིད་བྱེད་པའི་དགོས་མཁོ་སྐོང་མེད་པ་རེད”་ཅེས་གསུངས་ཡོད། དེ་བཞིན་ལྕམ་སོ་ཧྥི་རི་ཆརཌ་སཱན་ལགས་ཀྱིས་ཞི་ཇིན་པིང་གིས་རྒྱ་ནག་གི་སྲིད་འཛིན་བྱས་པ་ནས་བཟུང་བོད་ཀྱི་སྐད་ཡིག་ཉམས་ཆགས་གཏོང་རྒྱུའི་སྲིད་ཇུས་ཤུགས་ཆེ་རུ་བཏང་པའི་དགོངས་ཚུལ་གསུངས་ཡོད་པ་རེད།
ཤོག་གྲངས་ ༩༡་ཅན་གྱི་སྙན་ཐོ་དེ་ནི་བོད་ནང་གི་སློབ་མ་དང་དགེ་རྒན། ཞིབ་འཇུག་པ། སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ། རྒྱ་ནག་གཞུང་གི་ཡིག་ཆ་སོགས་གཞི་ལ་བཞག་སྟེ་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་རེད་འདུག
རྒྱ་ནག་གཞུང་གིས་སྐད་གཉིས་སློབ་གསོ་ཟེར་བའི་སྲིད་ཇུས་དེ་བོད་ཀྱི་ས་ཁུལ་ཡོངས་རྫོགས་ལ་ལག་བསྟར་བྱེད་ཐབས་བྱེད་བཞིན་ཡོད་ལ།
༢༠༡༧་ལོར་མདོ་སྨད་མཚོ་སྔོན་ཁོངས་གཏོགས་མཚོ་ལྷོ་ཁུལ་སློབ་གསོ་ལས་ཁུངས་ཀྱི་ཁུལ་དེའི་༼སྐད་གཉིས་སློབ་གསོའི་བཅོས་སྒྱུར་དང་། རྣམ་པ་བསྒྱུར་ཏེ་སྤུས་ཚད་མཐོ་རུ་གཏོང་བ།༽ཞེས་པར་བསམ་འཆར་བསྡུ་ལེན་བྱས་སྐབས། བོད་ནང་གི་ཤེས་ཡོན་ཅན་དང་། དོན་གཉེར་མཁན་ཚོས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བགྲོ་གླེང་ཤུགས་ཆེན་བྱས་ནས་མི་འདོད་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པ་དང་། གནས་སྐབས་སྐད་གཉིས་སློབ་གསོའི་སྲིད་ཇུས་ལག་བསྟར་བྱེད་མ་ཐུབ་པའི་གནས་ཚུལ་བྱུང་ཡོད་པ་རེད། འོན་ཀྱང་འདས་པའི་ལོ་གསུམ་གྱི་དུས་ཡུན་དེའི་རིང་རྒྱ་ནག་གཞུང་གིས་གཞུང་གི་སློབ་གྲྭ་ཁག་ནང་སྲིད་ཇུས་དེ་ལག་བསྟར་རྩ་འཛིན་བྱེད་བཞིན་པར་མ་ཟད། དགོན་པ་དང་མི་སྒེར་སུ་ཞིག་གིས་སློབ་གྲྭའི་བར་སེང་སྐབས་སློབ་ཕྲུག་ཚོར་བོད་ཡིག་སློབ་ཁྲིད་ཀྱི་ལས་འགུལ་སྤེལ་རྒྱུར་དམ་དྲག་དང་སྟངས་འཛིན་བྱས་པའི་གནས་ཚུལ་བསྟུད་མར་ཐོན་ཡོད་པ་རེད།

*གནས་ཚུལ་རྒྱས་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ཕྱོགས་བསྒྲིགས་སྙན་སྒྲོན་གནང་བར་གོང་གི་དྲ་ཐག་ནས་གསན་ཐུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།