ཨ་རིས་ཧོང་ཀོང་ནང་གི་རྒྱ་ནག་གི་དཔོན་རིགས་བཞི་ལ་ཉེས་ཆད་བཀལ།

2020-11-10
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་གི་ཉེན་རྟོག་པའི་འགོ་གཙོ་(Steve Li Kwai wah)
ཧོང་ཀོང་གི་ཉེན་རྟོག་པའི་འགོ་གཙོ་(Steve Li Kwai wah)
Reuters

ཨ་མི་རི་ཀས་ཧོང་ཀོང་མི་མང་གི་ཆབ་སྲིད་རང་དབང་ཐོག་དྲག་གནོན་བྱེད་མཁན་ཧོང་ཀོང་ནང་གི་རྒྱ་ནག་གི་དཔོན་རིགས་བཞི་ལ་ཉེས་ཆད་བཀལ་ཡོད་པ་དང་། འདི་ཚེས་༡༠་ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁང་གིས་དེའི་ཐད་སྐྱོན་བརྗོད་བྱས་པ་མ་ཟད། དེ་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ནང་ཐེ་བྱུས་ཚབས་ཆེ་བྱས་པ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་འདི་ཚེས་༩གཟའ་ཟླ་བའི་ཉིན། འདི་ལོའི་ཕྱི་ཟླ་དྲུག་པའི་ནང་ཧོང་ཀོང་མི་མང་གི་སྨྲ་བརྗོད་རང་དབང་དང་། ཆབ་སྲིད་རང་དབང་ཁག་ལ་དྲག་གནོན་ཆེན་པོ་བྱེད་མཁན་སྤྱི་དང་། ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཟེར་བ་བཙན་འགེལ་བྱས་པའི་རྗེས་སུ་ཁྲིམས་དེ་སྲུང་སྐྱོབ་བྱེད་མཁན་རྒྱ་ནག་གི་དཔོན་རིགས་(Li Jiangzhou)དང་། རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་སྡེ་ཚན་གྱི་ཉེན་རྟོག་པའི་འགོ་ཁྲིད་(Edwina Law) ཉེན་རྟོག་པའི་འགོ་གཙོ་(Steve Li Kwai wah) དེ་བཞིན་ཧོང་ཀོང་དང་མེ་ཀའོ་ཡི་གནད་དོན་ཐད་ཀྱི་ཧོང་ཀོང་ས་གནས་གཞུང་གི་འགན་འཛིན་གཞོན་པ་(Deng Zhonghua)བཅས་དཔོན་རིགས་བཞི་པོ་དེ་དག་ཨ་མི་རི་ཀའི་ནང་འགྲུལ་བཞུད་ཐོངས་མཆན་བཀག་སྡོམ་གནང་རྒྱུ་མ་ཟད། ཨ་རིའི་ནང་ཁོང་ཚོའི་རྒྱུ་དངོས་ཡོད་པ་ཁག་བེད་སྤྱོད་གཏོང་མི་ཆོག་པ་བཟོ་རྒྱུའི་དཔལ་འབྱོར་གྱི་ཉེས་ཆད་བཀལ་ཡོད་པ་རེད།
དེའི་ཐད་རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་(Wang Wenbin)ཡིས་ཨ་མི་རི་ཀའི་བྱེད་ཕྱོགས་དེ་ནི་རྒྱལ་སྤྱིའི་འབྲེལ་ལམ་ཐོག་འཛིན་སྐྱོང་བྱེད་མཁན་གྱི་རྒྱུན་ལྡན་གྱི་གཞི་རྕའི་ལམ་ལུགས་ལ་བརྩི་མེད་རྡོག་རོལ་བཏང་བ་ཡིན་ལུགས་འགྲེལ་བརྗོད་བྱས་ནས། ཉེས་ཆད་དེ་ཕྱིར་འཐེན་དགོས་པའི་འབོད་སྐུལ་བྱས་འདུག ད་དུང་ཁོ་པས་ཨ་རིའི་བྱེད་ཕྱོགས་དེ་ནི་ཧོང་ཀོང་གི་ནང་སྲིད་གནད་དོན་ཐད་ཐེ་བྱུས་བྱས་པ་དང་། རྒྱ་ནག་གི་ནང་སྲིད་གནད་དོན་ནང་ཐེ་བྱུས་ཚབས་ཆེ་བྱས་པ་ཞིག་ལུགས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཐོག་བརྗོད་འདུག
ཨ་མི་རི་ཀས་གོང་དང་མཚུངས་པའི་ཉེས་ཆད་ཧོང་ཀོང་ས་གནས་གཞུང་གི་སྤྱི་ཁྱབ་(Carrie Lam)གཙོས་པའི་དཔོན་རིགས་མང་པོར་བཀལ་ཟིན་པ་དང་། ཧོང་ཀོང་ཐོག་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཞི་ཟེར་བ་བཙན་འགེལ་བྱས་པ་དེ་ནི། ཕྱི་ལོ་༡༩༩༧ལོར་དབྱིན་ཇིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་སྐབས་རྒྱ་ནག་གིས་མ་འོངས་པའི་ལོ་༥༠རིང་ཧོང་ཀོང་གི་སྤྱི་དམངས་ཐོབ་ཐང་མུ་མཐུད་རྒྱུན་འཛིན་བྱ་རྒྱུའི་ཁས་ལེན་བྱས་པ་དེར་བརྩི་མེད་བཏང་བར་ཨ་རིས་ངོས་འཛིན་གནང་སྟེ་ཧོང་ཀོང་གི་དཔོན་རིགས་ཚོར་དཔལ་འབྱོར་ཉེས་ཆད་བཀལ་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།