ཧོང་ཀོང་གི་ཐག་ཉེ་ནས་རྒྱ་ནག་གིས་དམག་སྦྱོང་བྱས་པར་ཨ་རིས་བློ་འཚབ་ཡོད་ཟེར།

2019-08-15
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་གི་ཐག་ཉེ་ནས་རྒྱ་ནག་གིས་དམག་སྦྱོང་། ༢༠༡༩།༨།༡༥
ཧོང་ཀོང་གི་ཐག་ཉེ་ནས་རྒྱ་ནག་གིས་དམག་སྦྱོང་། ༢༠༡༩།༨།༡༥
AFP

ཧོང་ཀོང་ནང་མི་མང་ཁྲི་ཚོ་མང་པོས་རང་དབང་ཆེད་ལས་འགུལ་མཚམས་མ་ཆད་པར་སྤེལ་བཞིན་པའི་སྐབས་རྒྱ་ནག་གིས་ཧོང་ཀོང་གི་ཐག་ཉེ་ནས་དམག་སྦྱོང་བྱས་པར་ཨ་རིས་སེམས་འཚབ་ཡོད་པ་བསྟན་འདུག
ཧོང་ཀོང་ནང་མི་མང་གིས་རང་དབང་ཆེད་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་དུ་སྤེལ་བཞིན་པའི་སྐབས་དེར། ཚེས་༡༥་ཉིན་ཧོང་ཀོང་དང་ཐག་ཉེ་བའི་རྒྱ་ནག་གི་ཧྲན་ཀྲེན་གྲོང་ཁྱེར་ནང་ཡོད་པའི་ལུས་རྩལ་སྦྱོང་བརྡར་ཁང་ཆེན་པོ་ཞིག་གི་ནང་རྒྱ་ནག་གི་ཉེན་རྟོག་དམག་མི་བརྒྱ་ཕྲག་མང་པོས་དམག་སྦྱོང་བྱས་པ་ཡོད་པ་དང་། རྒྱ་ནག་གིས་ཧོང་ཀོང་གི་ས་མཚམས་སུ་གཞོགས་འདེགས་དཔུང་དམག་ཁྱོན་ཆེ་འགྲེམས་འཇོག་བྱས་པ་དེར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བློ་འཚབ་ཡོད་ལུགས་གསུངས་འདུག
འོན་ཀྱང་ཧོང་ཀོང་ནང་ཡོད་པའི་ནུབ་ཕྱོགས་དང་ཨེ་ཤེ་ཡའི་ཕྱི་འབྲེལ་མི་སྣ་ཚོས་གསུངས་པར་གཞིགས་ན། རྒྱ་ནག་གི་ཉེན་རྟོག་དམག་མི་དང་།  རྒྱ་ནག་མི་དམངས་བཅིངས་གྲོལ་དམག་མི་ཧོང་ཀོང་གི་སྲང་ལམ་ནང་འགྲེམས་འཇོག་བྱ་རྒྱུར་རྒྱ་ནག་གཞུང་གིས་མངོན་འདོད་དེ་ཙམ་གནང་གི་མེད་ལུགས་གསུངས་འདུག
རྒྱ་ནག་གི་ཧྲན་ཀྲེན་གྲོང་ཁྱེར་ནང་ཡོད་པའི་ལུས་རྩལ་སྦྱོང་བརྡར་ཁང་དེའི་ནང་ནས་དམག་སྦྱོང་བྱེད་བཞིན་པ་དང་། ལུས་རྩལ་སྦྱོང་བརྡར་ཁང་དེའི་མོ་ཊ་འཇོག་སའི་ཐང་ཆེན་དུ། ཚོན་མདོག་ནག་ཡིན་པའི་རྒྱ་ནག་གི་གཞོགས་འདེགས་དཔུང་དམག་གི་མོ་ཊ་བརྒྱ་ལྷག་བཞག་ཡོད་པ་དང་། དེའི་ནང་ཁག་ཅིག་དམག་མི་སྐྱེལ་འདྲེན་བྱ་མཁན་རླངས་འཁོར་དང་། ཁག་ཅིག་གོ་མཚོན་ཐོགས་པའི་རླངས་འཁོར། དེ་བཞིན་(Jeep)་དང་། སྤྱི་སྤྱོད་རླངས་འཁོར། ཆུ་ཤུགས་ཆེན་པོ་འཕེན་ཐུབ་པའི་མེ་སྒྱོགས་སོགས་ཡིན་འདུག
དམག་སྦྱོང་བྱ་ཡུལ་དེའི་ཐག་ཉེ་ལ་ཡོད་པའི་ཚོང་ལས་བ་བུད་མེད་(Yang Ying)་ཟེར་བས་ ངས་དམག་མི་ཁྱོན་ཆེ་དེ་འདྲ་སྡེབ་གཅིག་ལ་ཐང་ཆེན་དེའི་ནང་འཛོམས་པ་ད་ལན་ཐེངས་དང་པོར་མཐོང་བྱུང་ཞེས་བཤད་འདུག
རེས་གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས། རྒྱ་ནག་གི་དམག་མི་ཧོང་ཀོང་གི་ས་མཚམས་སུ་འདུ་འཛོམས་ཡོང་བཞིན་པའི་གནས་ཚུལ་ལ་བློ་འཚབ་ཆེན་པོ་ཡོད་པ་དང་། ཧོང་ཀོང་ས་གནས་སྲིད་གཞུང་གིས་མི་མང་གི་སྨྲ་བརྗོད་རང་དབང་ལ་གུས་བརྩི་ཞུ་དགོས་པ་གསུངས་ཡོད་པ་རེད།
འདས་པའི་ཟླ་བ་གཉིས་ལྷག་གི་གོང་ནས་བཟུང་། ཧོང་ཀོང་མི་མང་གིས་རང་དབང་ཆེ་ཙམ་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བཞིན་ཡིན་པ་དང་། དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ལ་གདོང་ལེན་ཆེ་ཤོས་བྱ་དགོས་པའི་གནད་དོན་ཞིག་ཆགས་ཡོད་པ་རེད།
ཡང་ཧོང་ཀོང་གི་ས་གནས་གནད་ཡོད་གང་སར་ཧོང་ཀོང་མང་གཙོ་དོན་གཉེར་བ་ཚོས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་པའི་སྐབས་དེར་དེ་སྔ་ཧོང་ཀོང་གི་ཉི་གདུགས་ལས་འགུལ་སྣེ་ཁྲིད་བྱེད་མཁན་གྱི་མིང་ཐོག་ནས་འཛིན་བཟུང་བྱས་པའི་མི་སྣ་ཞིག་གཏའ་དངུལ་བཞག་སྟེ་ཚེས་༡༥་ཉིན་གློད་བཀྲོལ་བཏང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།