ཨ་རིའི་གྲོས་ཚོགས་ནང་ཧོང་ཀོང་སྲུང་སྐྱོབ་ཞེས་པའི་ཁྲིམས་འཆར་བཏོན་འདུག

2019-09-11
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་མཆོག
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་མཆོག
TLHRC/FB

ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་ཧོང་ཀོང་སྲུང་སྐྱོབ་ཞེས་པའི་ཁྲིམས་འཆར་ཞིག་བཏོན་ཡོད་འདུག
སྤྱི་ཟླ་དགུ་པའི་ཚེས་༡༠་ཉིན་འདོན་གནང་མཛད་པའི་ཁྲིམས་འཆར་དེའི་དམིགས་ཡུལ་གཙོ་བོ་ཨ་རིའི་ཚོང་གཉེར་ལས་ཁང་ཁག་གིས། ཧོང་ཀོང་ནང་མིག་ཆུ་ཤོར་བའི་དུག་རླངས་དང་མི་ཚོགས་བཀག་བསྡོམས་བྱེད་སྤྱད་ཡོ་ཆས་སོགས་ཚོང་བསྒྱུར་བྱས་ནས་ཧོང་ཀོང་ནང་ཕྱིར་འདྲེན་བྱེད་རྒྱུ་འགོག་ཐབས་གནང་གི་ཡོད་པ་རེད། དེ་བཞིན་ཧོང་ཀོང་སྲིད་གཞུང་གིས་ཧོང་ཀོང་དམངས་གཙོ་དོན་གཉེར་བ་ཚོའི་ཐོག་དྲག་གནོན་བྱེད་བཞིན་པའི་གནད་དོན་ཐད་རང་དབང་ཅན་གྱིས་ཞིབ་འཇུག་ཚོགས་པ་ཞིག་དགོས་པའི་སྐོར་ཡང་བརྗོད་འདུག
ཁྲིམས་འཆར་འདོན་མཁན་གྲོས་ཚོགས་འཐུས་མི་(Jim McGovern)་ལགས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཨ་རིའི་ནང་བཟོས་པའི་ཉེན་རྟོག་པའི་ཡོ་ཆས་བེད་སྤྱད་ནས་ཧོང་ཀོང་ནང་ཞི་བའི་ངོ་རྒོལ་བ་ཚོའི་ཐོག་དྲག་གནོན་བྱེད་པའི་གནད་དོན་ཐོག་སེམས་ཚབས་ཆེན་པོ་སྐྱེས་བྱུང་། ཨ་རིའི་གཞུང་གིས་མི་ཚང་མའི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་རིན་ཐང་ལ་བརྩི་བཀུར་ངོས་འཛིན་ཡོད་པའི་ཐོག་ཨ་རིའི་ཚོང་གཉེར་ལས་ཁང་ཁག་གིས་རྒྱལ་ཁབ་གཞན་གྱི་གཞུང་གི་དབང་འཛིན་པ་ཚོར་ཡོ་ཆས་ཚོང་བསྒྱུར་གྱིས་བཟང་སྤྱོད་དང་འགལ་བའི་ལས་དོན་ངེས་པར་དུ་འཚམས་འཇོག་དགོས་ཀྱི་རེད་ཅེས་གསུངས་འདུག
ཡང་གྲོས་ཚོགས་འཐུས་མི་(Chris Smith)་ལགས་ཀྱིས་བརྗོད་དོན།
ཧོང་ཀོང་མི་དམངས་ཀྱིས་རང་དབང་དང་ཐོབ་ཐང་ལ་ཉེན་ཁ་མི་ཡོང་ཆེད་ཞི་བའི་ངོ་རྒོལ་གྱི་སྐབས་སུ། གཞུང་གིས་དྲག་གནོན་བྱེད་པ་ནི་ངོས་ལེན་མི་ཐུབ་པ་ཞིག་རེད། ཧོང་ཀོང་ནང་ཨ་རིའི་ཚོང་གཉེར་ཁང་ཁག་གིས་ཚོང་བསྒྱུར་བྱས་པའི་ཡོ་ཆས་བེད་སྤྱད་ནས་ཞི་བའི་ངོ་རྒོལ་བ་ཚོའི་ཐོག་དྲག་གནོད་བྱེད་རྒྱུ་མཚམས་འཇོག་མ་བྱས་བར་དུ་ཨ་རིའི་ཡོ་ཆས་དེ་དག་ཧོང་ཀོང་ནང་ཕྱིར་འདྲེན་བྱེད་རྒྱུ་ཁྲིམས་འཆར་དེས་བཀག་བསྡོམས་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
ཨ་རིའི་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་དེ་འདོན་མཁན་ནི་(Tom Lantos)་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་(Chris Smith)་མཆོག་དང་། (Jim McGovern)་གཞན་ཡང་གྲོས་ཚོགས་འཐུས་མི་(Ro Khanna)་གསུམ་གྱི་གཙོས་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་རྒྱབ་སྐྱོར་ཡོད་པའི་ཁྲིམས་འཆར་ཞིག་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།