ཧོང་ཀོང་ཉེན་རྟོག་པའི་རྩུབ་སྤྱོད་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱ་མི་རུང་བ་བརྗོད་འདུག

2020-05-15
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་ནང་མི་དམངས་ཀྱི་ངོ་རྒོལ་ལས་འགུལ་སྐབས། ༢༠༡༩།༨།༥
ཧོང་ཀོང་ནང་མི་དམངས་ཀྱི་ངོ་རྒོལ་ལས་འགུལ་སྐབས། ༢༠༡༩།༨།༥
AP

ཉེན་རྟོག་པའི་རྩུབ་སྤྱོད་སྐྱོན་འཛུགས་རིགས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱ་མི་རུང་བ་ཧོང་ཀོང་གི་ཉེན་རྟོག་པའི་ལས་དོན་ཐོག་ལྟ་ཞིབ་བྱེད་མཁན་རང་དབང་ཅན་གྱི་ལྷན་ཚོགས་ཀྱིས་བརྗོད་ཡོད་འདུག
ཧོང་ཀོང་ནང་གི་རང་དབང་ལྡན་པའི་ཉེན་རྟོག་པའི་ལས་དོན་ཐོག་ལྟ་ཞིབ་གནང་མཁན་གྱི་ཚོགས་པ་(IPCC)་ཟེར་བའི་ལྷན་ཁང་གིས། འདི་ཚེས་༡༥་གཟའ་པ་སངས་ཉིན་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་པའི་ནང་། ལྷན་ཁང་དེས་ཕྱི་ལོ་༢༠༡༩་ལོའི་ཕྱི་ཟླ་དྲུག་པའི་རྗེས་ཀྱི་ཟླ་བ་ཁ་ཤས་ནང་ཧོང་ཀོང་གི་ཉེན་རྟོག་པའི་ལས་དོན་ཐད་ཞིབ་འཇུག་བྱས་ཡོད་པ་དང་། དེའི་རིང་ནི་ཧོང་ཀོང་ནང་ངོ་རྒོལ་ལས་འགུལ་གྱི་མཐོ་རླབས་འཕྱུར་བའི་དུས་སྐབས་ཤིག་ཡིན་ཞིང་། སྐབས་དེ་དུས་ཀྱི་ཉེན་རྟོག་པའི་རྩུབ་སྤྱོད་ཀྱི་བྱ་སྤྱོད་དེ་རིགས་ཆབ་སྲིད་ངོ་རྒོལ་གྱི་ལག་ཆ་ཞིག་ཏུ་འགྱུར་རྒྱུ་མེད་པ་དང་། དེ་ནི་ཁྲིམས་ལུགས་ཀྱི་གནད་དོན་ཡིན་པ་ལས་ཆབ་སྲིད་ཀྱི་གནད་དོན་མིན་ལུགས་དང་། ལོ་སྔོན་མའི་ཕྱི་ཟླ་བདུན་པའི་ཚེས་༢༡་ཉིན། ཡོན་ལང་ས་གནས་སུ་ཉེན་རྟོག་པ་དང་གྲོང་མིའི་བར་འཁྲུག་རྩོད་བྱུང་བའི་སྐབས། ཉེན་རྟོག་པས་ས་གནས་ཀྱི་ཁྲིམས་འགལ་ཚོགས་པ་དང་འབྲེལ་ལམ་བྱས་པའི་དཔང་རྟགས་མེད་ལུགས་སོགས་སྙན་ཐོའི་ནང་བཀོད་ཡོད་འདུག ཡིན་ནའི་སྙན་ཐོ་དེའི་ནང་སྐབས་དེ་དུས་དོན་རྐྱེན་བྱུང་བའི་སྐབས་ཉེན་རྟོག་པས་གྲོང་མིར་སྲུང་སྐྱོབ་དང་། དེ་མིན་གྱི་ལས་དོན་ཁག་ཅིག་འཐུས་ཤོར་བཏང་ཡོད་པ་གསལ་སྟོན་བྱས་ཡོད་འདུག
ན་ནིང་ཕྱི་ཟླ་བདུན་པའི་ནང་ཧོང་ཀོང་གི་ཡོན་ལང་ས་གནས་ཀྱི་ས་འོག་མེ་འཁོར་ས་ཚུགས་སུ། སྟོད་གོས་དཀར་པོ་གྱོན་པའི་དྲག་སྤྱོད་མི་སྣ་བརྒྱ་ལྷག་གིས་ཧོང་ཀོང་གི་གྲོང་མི་དང་ངོ་རྒོལ་རྔམ་སྟོན་པ་ཚོར་གང་བྱུང་ཉེས་རྡུང་ཚབས་ཆེ་བཏང་ཡོད་པ་དང་། གནད་དོན་དེ་བྱུང་བའི་རྗེས་ཧོང་ཀོང་ནང་གི་ངོ་རྒོལ་གྱི་ལས་འགུལ་དེ་བས་ཤུགས་ཆེ་རུ་ཕྱིན་ཡོད་པ་མ་ཟད།  ཧོང་ཀོང་གྲོང་མི་ཚོས་ཉེན་རྟོག་པར་ངོ་རྒོལ་བྱེད་རྒྱུ་ཡང་དེ་བས་ཛ་དྲག་ཏུ་ཕྱིན་ཡོད་ཅིང་།  རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཀྱང་། ཧོང་ཀོང་ཉེན་རྟོག་པས་དམངས་གཙོའི་ལས་འགུལ་སྤེལ་མཁན་ཚོར་དྲག་ཤུགས་བེད་སྤྱད་ནས་བཙན་གནོན་བྱས་ཡོད་པའི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད། ཧོང་ཀོང་ཉེན་རྟོག་པའི་ལས་དོན་ལ་ལྟ་ཞིབ་བྱེད་མཁན་གྱི་ལྷན་ཁང་དེའི་འགོ་ཁྲིད་རྣམས་ཧོང་ཀོང་དམིགས་བསལ་ས་གནས་གཞུང་གི་སྤྱི་ཁྱབ་ཁེ་རོའོ་ལེམ་གྱིས་བསྐོ་གཞག་བྱེད་ཀྱི་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།