༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་བློན་མོ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འཕྲིན་བསྩལ་གནང་མཛད་ཡོད་པ།

2020-09-17
གློག་འཕྲིན།
མཆན།
Share
པར་བཀོད།
 ༢༠༡༠།༡།༡༥།ད་ལྟའི་རྒྱ་གར་སྲིད་བློན་མོ་དྷི་མཆོག་གུཇ་རཏ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་སྐབས་༧གོང་ས་མཆོག་དང་ལྷན་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་ལྷན་ཞུགས་གནང་ཡོད་པ།
༢༠༡༠།༡།༡༥།ད་ལྟའི་རྒྱ་གར་སྲིད་བློན་མོ་དྷི་མཆོག་གུཇ་རཏ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་སྐབས་༧གོང་ས་མཆོག་དང་ལྷན་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་ལྷན་ཞུགས་གནང་ཡོད་པ།
ཨེ་ཨེཕ་པི།

སྤྱི་ཟླ་༩་ཚེས་༡༧གྱི་ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་དགུངས་ལོ་༧༠་ཕེབས་པར་བརྟེན་བོད་མིའི་བླ་ན་མེད་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཁྲུངས་སྐར་ལ་འཚམས་འཕྲིན་བཀྲིས་བདེ་ལེགས་མང་པོ་ཡོད་ཅེས་ཞུས་གནང་བ་དང་སྦྲགས་ཁྱེད་སྐུ་ཁམས་བདེ་མུར་བཞུགས་པའི་སྨོན་ལམ་ཡོད་ཅེས་བཀའ་གནང་ཡོད་པ་དང་། འདི་ལོ་ནི་རྒྱ་གར་ཙམ་དུ་མ་རེད་འཛམ་གླིང་གང་སར་Covid-19 ཏོག་དབྱིབས་ནད་འབུའི་རིམས་ནད་དེས། མི་རྣམས་ཀྱི་ཉིན་རེའི་འཚོ་བར་དཀའ་ངལ་འཕྲད་བཞིན་པ་དེར་གདོང་ལེན་བྱས་དང་བྱེད་བཞིན་ཡོད་པས་ད་ཆ་ཕྱོགས་གང་ས་ནས་ནད་ཡམས་སྔོན་འགོག་གི་ལས་དོན་གང་ཡོང་སྤེལ་བཞིན་པའི་ཐོག་གང་མགྱོགས་ནད་བཅོས་སྨན་ཁབ་ཀྱང་བཟོ་ཐོན་ཐུབ་རྒྱུའི་ངོས་ནས་རེ་བ་ཆེན་པོ་རྒྱག་བཞིན་ཡོད་ཅེས་ཀྱང་བཀའ་གནང་འདུག

དེ་བཞིན་སྲིད་བློན་མཆོག་གི་དབུ་འཁྲིད་འོག་རྒྱ་གར་དབུས་གཞུང་གིས་ཀྱང་མི་དམངས་ཀྱི་བདེ་རྩའི་དཀའ་ངལ་སེལ་ཆེད་གདོང་ལེན་གྱི་ཕྱག་ལས་ཞེ་དྲག་ཡག་པོ་གནང་བར་དགའ་མོས་ཆེན་པོ་ཞུ་བཞིན་ཡོད་ཅེས་དང་། ཡང་འཚམས་འཕྲིན་དེའི་ནང་། ངེས་གཏན་མེད་པའི་དུས་ཚོད་འདི་ལྟ་བུའི་སྐབས་སུ་ཞི་བདེ་ལྷིང་འཇགས་དང་མཉམ་མཐུན་གྱི་ཕྱོགས་སུ་མདུན་བསྐྱོད་བྱེད་དགོས་ན། གཞན་གྱི་དཀའ་ངལ་ལ་སེམས་ཁུར་ལེན་པའི་སྙིང་རྗེ་རྩ་བར་བྱས་པའི་རྒྱ་གར་གྱི་གནའ་བོའི་འཚེ་བ་མེད་པའི་རིག་གཞུང་དེ་འོས་ཤིང་འཚམ་པ་ཙམ་དུ་མ་ཟད། དགོས་ངེས་ཅན་ཞིག་ཏུ་གྱུར་ཡོད། བོད་མི་རྣམས་ཀྱིས་གནའ་སྔ་མོ་ནས་རྒྱ་གར་ལ་འཕགས་པའི་ཡུལ་དུ་འབོད་ཅིང་བརྩི་མཐོང་ཆེ་བ་མ་ཟད། འདས་པའི་ལོ་ངོ་༦༡རིང་བཙན་བྱོལ་བོད་མི་རྣམས་ཀྱི་ཕ་ཡུལ་གཉིས་པའང་ཡིན་པས། གོ་སྐབས་འདི་བརྒྱུད་བསྐྱར་དུ་རྒྱ་གར་གཞུང་དང་མི་མང་གིས་ང་ཚོ་ལ་བརྩེ་སེམས་དང་ལྡན་པས་མཐུན་འགྱུར་རོགས་མགོན་རྒྱ་ཆེར་གནང་བ་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན་ཞེས་བཀའ་གནང་ཡོད་འདུག

དེ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ། ཡུ་རོབ་ཁུལ་གྱི་སེམས་དང་སྲོག་ཅེས་པའི་ཚོགས་པ་དེས་ཇི་ལྟར་གསོལ་བ་བཏབ་པ་བཞིན། སྤྱི་ཟླ་༩པའི་ཚེས་༡༧ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་ཐད་གཏོང་བརྒྱུད་ཡུ་རོབ་ཁུལ་གྱི་སེམས་དང་སྲོག་ཅེས་པའི་ཚོགས་པ་དེའི་ཚོགས་གཙོ་ལྕམ་ཨེ་མི་ཀོ་ཧན་ཝ་རེ་ལ་(Amy Cohen Varela)དང་། འབུམ་རམས་པ་དགེ་སློང་མེ་ཐེའུ་རི་ཀརྟ་(Matthieu Ricard)ལགས། དེ་བཞིན་ཨར་ཧཨྶ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཨེན་གྲི་ཨེས་རོབ་སོཀྲོརྤ་(Andreas Roepstorff) བཅས་ལྷན་བཞུགས་ཀྱིས། “ཡིད་བརྟན་མེད་པའི་གནས་སྟངས་ཀྱི་སྐབས་འགྲོ་བ་མི་སྤྱི་ལ་ཕན་པའི་འདུ་ཤེས་བསྐྱེད་ཚུལ་”ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་བསྩལ་བའི་སྐབས། དེང་སྐབས་འཛམ་གླིང་ནང་ཕྱུག་པོ་དང་དབུལ་འཕོང་བར་ཁྱད་པར་ཇེ་ཆེར་འགྲོ་བཞིན་ཡོད་པ་དེ་ནི་ཛ་དྲག་རང་བཞིན་ཅན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་དཀའ་ངལ་དེར་བསམ་ཞིབ་དགོས་གལ་ཆེ་ཞིང་། འཛམ་གླིང་གི་ཤེས་ཡོན་སྡེ་ཁག་ནས་ནང་སེམས་ཀྱི་རིན་ཐང་ཐད་ཤུགས་གནོན་རྒྱག་པ་ཡིན་ན། དཀའ་ངལ་མང་པོ་ཞིག་སེལ་ཐུབ་ལ། ཕྱུག་པོ་དང་དབུལ་འཕོང་གི་ཁྱད་པར་དེ་ཡང་རང་བཞིན་གྱི་ཇེ་ཉུང་དུ་འགྲོ་ངེས་ཡིན། ང་ཚོས་རང་གཅེས་འཛིན་གྱི་བློ་འཛིན་པའི་ཐོག་རྒྱུ་ནོར་དང་དབང་ཆ་ཁོ་ནར་བསམ་བློ་གཏང་ནས་བསྡད་ན་རང་བཞིན་གྱི་དཀའ་ངལ་དེ་དག་ཡོང་ངེས་ཡིན་ཞེས་བཀའ་སློབ་བསྩལ་གནང་མཛད་འདུག



མཆན། (0)
Share
དྲ་གནས་ཆ་ཚང༌།