ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ལི་ཏང་ཧུད་དྲན་རྟེན་གྱི་མཛད་སྒོར་༸གོང་ས་མཆོག་ནས་གསུང་འཕྲིན།

2020-09-19
གློག་འཕྲིན།
མཆན།
Share
པར་བཀོད།
༸གོང་ས་མཆོག་དང་ཐེ་ཝན་གྱི་སྲིད་འཛིན་ལི་ཏང་ཧུད་དབར་ཐེ་ཝན་ནང་མཇལ་མོལ་གནང་སྐབས། ༡༩༩༧།༣།༢༧
༸གོང་ས་མཆོག་དང་ཐེ་ཝན་གྱི་སྲིད་འཛིན་ལི་ཏང་ཧུད་དབར་ཐེ་ཝན་ནང་མཇལ་མོལ་གནང་སྐབས། ༡༩༩༧།༣།༢༧
ཨེ་ཨེཕ་པི།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་པར་བརྒྱུད་ནས་གསུང་འཕྲིན་ཞིག་ད་རིང་ཐེ་ཝན་གྱིས་ཡུལ་དེའི་སྲིད་འཛིན་ཟུར་པ་ལི་ཏང་ཧུད་དམ་པ་དེའི་དྲན་རྟེན་མཛད་སྒོ་ཞིག་འཚོགས་གནང་སྐབས་སྩལ་གནང་མཛད་ཡོད་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་དེའི་ནང་སྲིད་འཛིན་ལི་ཏད་ཧུད་དམ་པ་དེ་༧མགོན་པོ་གང་ཉིད་ཀྱི་གྲོགས་པོ་ཐུགས་ཉེ་པོ་ཞིག་ཡིན་སྐོར་བཀའ་གནང་བ་དང་ཁོང་འདས་གྲོངས་སུ་ཕེབས་ན་ཡང་། ང་ཚོ་ནང་པ་ཚོས་སྐྱེ་བ་ཕྱི་མར་ཡིད་ཆེས་ཞུ་ཡི་ཡོད་སྟབས། ཁོང་ཕལ་ཆེར་ཐེ་ཝན་ནང་བསྐྱར་དུ་སྐུ་སྐྱེ་བཞེས་རྒྱུ་ཡིན་སྐོར་བཀའ་གནང་འདུག

ཐེ་ཝན་གྱི་མི་གཅིག་དབང་བསྒྱུར་གྱི་ལམ་ལུགས་མཚམས་འཇོག་གནང་སྟེ་རང་དབང་གི་འོས་བསྡུའི་སྒོ་ནས་ཡུལ་གྱི་འགོ་འཁྲིད་འདམས་རྒྱུ་དང་རྒྱ་ནག་ནས་ཐེ་ཝན་དེ་བཞིན་ངོ་བོ་ཐ་དད་ཡིན་པའི་འཐབ་རྩོད་གནང་མཁན་སྲིད་འཛིན་ཟུར་པ་དང་སྐུ་ཞབས་མང་གཙོ་ཞེས་དཔའ་བོའི་མཚན་གནས་སྲོལ་བའི་ལི་ཏང་ཧུད་དམ་པ་དེའི་དྲན་རྟེན་ཆེད་ད་རིང་མཛད་སྒོ་འཚོགས་གནང་སྐབས། དེ་སྔ་ཕྱི་ལོ་༡༩༩༦ལོར་རང་དབང་མང་གཙོའི་ལམ་ལུགས་ཐོག་ནས་ཁོང་ཐེ་ཝན་གྱི་སྲིད་འཛིན་ལ་འོས་འདེམས་གནང་སྐབས་དང་མཚུངས་པར་ད་རེས་ཀྱང་རྒྱ་ནག་གིས་ཐེ་ཝན་གྱི་གླིང་ཕྲན་ཉེ་འཁྲིས་སུ་མཁའ་དམག་གནམ་གྲུ་ཡང་བསྐྱར་བཏང་འདུག ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ལི་ཏང་ཧུད་འདི་ལོའི་ཕྱི་ཟླ་བདུན་པའི་ནང་དགུང་གྲངས་༩༧་ལ་ཕེབས་སྐབས་འདས་གྲོངས་སུ་ཕེབས་པ་རེད།ཁོང་གི་མཛད་རྗེས་ཆེ་ཤོས་དེ་ནི་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ཉི་འཁྲིས་སུ་ཟླ་བ་བརྒྱད་ལྷག་རིང་དམག་རྩལ་སྦྱོང་བརྡར་སོགས་བྱས་པ་དང་མེ་ཤུགས་འཕུར་མདེལ་ཚོད་བལྟ་བྱས་ཏེ་ཐེ་ཝན་ལ་སྡིག་ར་གཏོང་མིན་ལ་མ་ལྟོས་པར་ཁོང་གིས་དེ་དག་ལ་ཁ་གཏད་གདོང་ལེན་གནང་སྟེ་ཐེ་ཝན་ནང་མང་གཙོའི་ལམ་ལུགས་དར་སྤེལ་གནང་སྟབས་ཕྱི་ལོ་༡༩༩༦་ལོར་ཐེ་ཝན་མི་མང་གིས་རང་དབང་མང་གཙོའི་ལམ་ལུགས་སྒོ་ནས་འོས་འདེམས་ཞུས་པའི་སྲིད་འཛིན་དང་པོ་དེ་ཆགས་པ་རེད། སྲིད་འཛིན་དམ་པ་ལི་ཏང་ཧུའི་དྲན་བརྟེན་གྱི་མཛད་སྒོའི་ཐོག་ལས་ཐོག་སྲིད་འཛིན་ལྕམ་ཚཡེ་དབྱིངས་ཝན་མཆོག་གིས་དེ་སྔ་རྒྱལ་སྤྱིའི་ཐད་དཀའ་ངལ་དུ་མ་ཞིག་སྲིད་འཛིན་དམ་པ་ལི་ཏང་ཧུད་ཀྱིས་་འཇོན་ཐང་ཆེན་པོའི་སྒོ་ནས་ཁ་གཏད་གདོང་ལེན་གནང་སྟེ་དངོས་ཡོད་གནས་ཚུལ་ལ་གཞིགས་པའི་ཕྱི་འབྲེལ་སྲིད་བྱུས་དར་འཕེལ་གནང་སྟེ་ཐེ་ཝན་དེ་བཞིན་མང་གཙོའི་ལམ་ལུགས་དང་མིང་གི་རྣམ་གྲངས་གཅིག་མཚུངས་ཆགས་ནས་འཛམ་གླིང་སྡིང་ཆའི་སྟེངས་སླེབས་ཐུབ་པ་དེ་ནི་སྐུ་ཞབས་མང་གཙོ་ཞེས་པའི་མཚན་འབོད་སྲིད་འཛིན་ལི་ཏང་ཧུད་དམ་པ་དེའི་བཀྲིན་ལ་བརྟེན་ནས་ཡིན་ལུགས་བསྔགས་བརྗོད་གནང་འདུག  མཛད་སྒོ་དེའི་ཐོག་ཨ་མེ་རི་ཀའི་དཔལ་འབྱོར་གནད་དོན་ཐད་ཀྱི་དྲུང་གཞོན་ལས་རོགས་Keith Krach ལགས་དང་ཉི་ཧོང་གི་སྲིད་བློན་ཟུར་པ་Yoshiro Mori དབུས་པའི་ཆེས་མཐོའི་མི་སྣ་ཁག་ཆེད་ཕེབས་གནང་འདུག།།

མཆན། (0)
Share
དྲ་གནས་ཆ་ཚང༌།