ཧི་མ་ཅལ་ནང་གསང་མྱུལ་ཞིབ་བཤེར་སླད་བོད་རྒྱའི་སྐད་ཡིག་ཤེས་པའི་མི་སྣ་གསར་འཇུག་བྱེད་འཆར།

2020-10-27
གློག་འཕྲིན།
མཆན།
Share
པར་བཀོད།
ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་འགན་འཛིན་(DGP Sanjay Kundu)
ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་འགན་འཛིན་(DGP Sanjay Kundu)
HP Police/twitter

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་རྒྱ་ནག་གི་གསང་མྱུལ་ཞིབ་བཤེར་སླད་རྒྱ་སྐད་དང་བོད་སྐད་ཀྱི་གནས་ཚད་ཡག་པོ་ཡོད་པའི་མི་སྣ་གསར་འཇུག་བྱེད་འཆར་ཡོད་འདུག
རྒྱ་གར་ཧི་མ་ཅལ་མངའ་སྡེའི་ས་གནས་རྡ་རམ་ས་ལ་དང་ཀུ་ལུ། ཤིོམ་ལ་སོགས་ཀྱི་ནང་རྒྱ་ནག་གི་གསང་མྱུལ་ཞིབ་བཤེར་སླད་རྒྱ་སྐད་དང་བོད་སྐད་ཀྱི་གནས་ཚད་ཡག་པོ་ཡོད་པའི་མི་སྣ་གསར་འཇུག་བྱེད་འཆར་ཡོད་པ་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་འགན་འཛིན་གྱིས་གསུངས་ཡོད་པ་རེད།
ཟླ་ཤས་གོང་རྒྱ་གར་ནང་རྒྱ་མི་ Lou Sang འམ་ Charlie Peng ཟེར་བ་ཞིག་གསང་མྱུལ་གྱི་དོགས་གཞིའི་འོག་རྒྱ་གར་གཞུང་གིས་འཛིན་བཟུང་བྱས་པ་དང་། དེ་བཞིན་ཧི་མ་ཅལ་ཁུལ་གསང་ཉུལ་གྱི་དོགས་གཞིའི་གནས་ཚུལ་རིམ་པ་བྱུང་རྗེས། མངའ་སྡེའི་གཞུང་གི་ངོས་ནས་གཟབ་ནན་ཆེ་རུ་གཏོང་ཐབས་བྱེད་བཞིན་ཡོད་པ་ཉེ་ལམ་སྤྱི་ཟླ༡༠པའི་ཚེས་༢༤ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་འགན་འཛིན་(DGP Sanjay Kundu)ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་སྐབས་གསུངས་འདུག ཁོང་གིས། བོད་པའི་གནད་དོན་དང་རྒྱ་མིའི་ཉེན་ཁ་བཅས་ཁ་གསལ་ཤེས་རྟོགས་ཐུབ་པའི་ནུས་པ་དགོས་གལ་ཆེ་བ་མཐོང་སྟེ་རྒྱ་གར་དབུས་གཞུང་ལ་བསམ་འཆར་ཁག་ཅིག་ཕུལ་བ་འགྲེལ་བརྗོད་གནང་པ་དང་། ད་དུང་ཁོང་གིས་ཧི་མ་ཅལ་ཉེན་རྟོག་དཔུང་སྡེའི་གསང་བའི་སྡེ་ཚན་ནང་གསང་མྱུལ་གྱི་གནས་ཚུལ་ཞིབ་བཤེར་སླད་རྒྱ་སྐད་དང་བོད་སྐད་ཀྱི་གནས་ཚད་ཡག་པོ་ཡོད་པའི་མི་སྣའི་རིགས་དགོས་གལ་ཆེན་པོར་གཟིགས་ཀྱི་ཡོད་པ་གསུངས་འདུག ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ Kundu ལགས་ཀྱིས། སོ་ཉུལ་ལ་སོགས་པའི་འབྱུང་སྐབས་བོད་སྐད་དང་རྒྱ་སྐད་ཤེས་མཁན་ཡོད་ན། སྟབས་བདེ་པོའི་ངང་ནས་ཞིབ་བཤེར་བྱེད་ཐུབ་རྒྱུ་དང་། གལ་ཏེ་རྒྱ་གར་དབུས་གཞུང་གིས་ཆོག་མཆན་གནང་བ་ཡིན་ན་བཞུགས་སྒར་རྡ་རམ་ས་ལ་དང་། ཀུ་ལུ་མ་ནཱ་ལི། དེ་བཞིན་ཤིམ་ལཱ་བཅས་སུ་གོང་ཞུས་སྐད་ཡིག་གཉིས་ཀྱི་གནས་ཚད་ཡག་པོ་ཡོད་པའི་མི་སྣ་གསར་འཇུག་གནང་འཆར་ཡོད་ཅེས་འགྲེལ་བརྗོད་གནང་སོང་ལ། ད་དུང་ཁོང་གིས་སྐད་ཡིག་དེ་གཉིས་ཤེས་མཁན་གྱི་མི་སྣ་དེ་དག་ལ་ས་མཚམས་ཀྱི་གསང་བའི་གནད་དོན་ཁག་བསྡུ་རུབ་ཐུབ་པའི་ནུས་པ་ཡང་དགོས་རྒྱུ་གལ་ཆེན་པོ་མཐོང་གི་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།

སྤྱི་ཟླ་༡༠ཚེས་༢༤ ཉིན་གཉེར་བའི་གསར་འགོད་ལྷན་ཚོགས་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་དང་འབྲེལ་བའི་སྐོར་ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་སྤྱི་ཁབ་འགན་འཛིན་ལ་རྒྱ་གར་གསར་འགོད་པ་ཞིག་གིས་བཅར་འདྲི་ཞུས་སྐབས། ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་འགན་འཛིན་གྱིས་(Covid-19)ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་བ་ནས་བཟུང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ཕྱི་རུ་ཆིབས་བསྒྱུར་གནང་མེད་པ་དང་། ཁོང་གི་སྐུ་ཕྱྭའི་སྲུང་སྐྱོབ་དང་འབྲེལ་བའི་ལས་དོན་ཁག་དེ་སྔ་བཞིན་རང་འཇགས་ཡག་པོར་གནས་ཡོད་ལ། ད་ལྟའི་ཆར་དབུས་གཞུང་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་ལ་བསྐྱར་ཞིབ་དགོས་པའི་བཀོད་ཁྱབ་རིགས་གང་ཡང་སླེབས་མེད་པ་གསལ་བཤད་གནང་ཡོད་པ་རེད།  
གཞན་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་སུ་འདི་གའི་རླུང་འཕྲིན་ཁང་ནས་ཉེ་ལམ་བཅའ་འདྲི་ཞུས་པའི་ནང་། བདེ་སྲུང་ལས་ཁུངས་ངོས་ནས་རྒྱ་མི་ Lou Sang འམ་ Charlie Peng གི་སྔ་རྗེས་ཀྱི་གནས་ཚུལ་ཚང་མ་བདེ་སྲུང་ལས་ཁུངས་ལ་རྒྱུས་མངའ་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱའི་ཐོག་ལ་མང་ཚོགས་ནས་ཐུགས་ཚབ་གནང་དགོས་པའི་གནས་ཚུལ་གང་ཡང་མེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།