རྒྱ་གར་གྱི་ལོ་སྟོང་ཕྲག་རིང་གི་རིག་གཞུང་གིས་ངོས་ཀྱི་སེམས་ཞི་བདེའི་ངང་གནས་ཐུབ་པ་བྱུང་། ༧གོང་ས་མཆོག་གིས།

2019-11-09
གློག་འཕྲིན།
མཆན།
Share
པར་བཀོད།
སིཁ་ཆོས་ལུགས་ཀྱི་སྲོལ་འབྱེད་པ་གུ་རུ་ནཱ་ནཀ་མཆོག་སྐུ་འཁྲུངས་ཏེ།ལོ་ངོ་༥༥༠འཁོར་བའི་དུས་དྲན་ཆེད་ཆོས་ལུགས་ཁག་གི་ལྷན་ཚོགས་ཐོག་དམིགས་བསལ་བཀའ་སློབ་སྩལ་བ།
སིཁ་ཆོས་ལུགས་ཀྱི་སྲོལ་འབྱེད་པ་གུ་རུ་ནཱ་ནཀ་མཆོག་སྐུ་འཁྲུངས་ཏེ།ལོ་ངོ་༥༥༠འཁོར་བའི་དུས་དྲན་ཆེད་ཆོས་ལུགས་ཁག་གི་ལྷན་ཚོགས་ཐོག་དམིགས་བསལ་བཀའ་སློབ་སྩལ་བ།
དགའ་ལྡན་ཕོ་བྲང༌།

བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱི་ཟླ་༡༡པའི་ཚེས་༩ཉིན། རྒྱ་གར་པཎ་ཇཱབ་མངའ་སྡེའི་གནས་ཆེན་ཨམྲིཏ་སཱར་ནང་འཚོགས་བཞིན་པའི་སིཁ་ཆོས་ལུགས་ཀྱི་སྲོལ་འབྱེད་པ་གུ་རུ་ནཱ་ནཀ་མཆོག་སྐུ་འཁྲུངས་ཏེ་ལོ་ངོ་༥༥༠འཁོར་བའི་དུས་དྲན་ཆེད་ཆོས་ལུགས་ཁག་གི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས། མགོན་པོ་གང་ཉིད་ནི་ད་ཆ་དགུང་ལོ་༨༤ལ་ཕེབས་ཡོད་པ་དང་། སྐུ་ཚེ་དཀའ་ཚེགས་ཅན་ཞིག་བསྐྱལ་དགོས་བྱུང་བའི་ཐོག རྐྱེན་ངན་བར་ཆད་མང་པོ་ཞིག་ལ་འཕྲད་མྱོང་ནའང་།རྒྱ་གར་གྱི་ལོ་སྟོང་ཕྲག་རིང་དར་བའི་རིག་གཞུང་གིས།ཁོང་གི་ཐུགས་ཞི་བདེའི་ངང་གནས་ཐུབ་པ་བྱུང་ཞེས་བཀའ་སྩལ་ཡོད་པ་རེད། རྒྱ་གར་ནང་ལོ་སྟོང་ཕྲག་རིང་དར་བའི་བྱམས་སྙིང་རྗེ་དང་འཚེ་བ་མེད་པའི་ཉམས་ལེན་ནི།ཉི་མ་རེ་རེའི་མི་ཚེ་ཞི་བདེ་ཡོང་བ་ལ་ཕན་ཐོགས་རྒྱ་ཆེ་ཡོད་པ་བཀའ་ཕེབས་ཡོད་ཐོག རྒྱ་གར་ནང་ཆོས་ལུགས་ཕན་ཚུན་ལ་གུས་བརྩི་དང་ལེགས་ཆ་ལེན་རེས་བཅས་ཡོད་པ། འཛམ་གླིང་ལ་སྙིང་སྟོབས་དང་མིག་ལྟོས་བཟང་པོ་དེ་དགོས་ཀྱི་འདུག་ཅེས་བཀའ་སྩལ་འདུག ངོས་ནས་གུ་རུ་ནཱ་ནཀ་མཆོག་གིས་ཁ་ཆེའི་གནས་ཆེན་མཱེ་ཁཱ་ལ་གནས་མཇལ་ཞུས་པར་དངོས་གནས་ཡི་རང་ཆེན་ཆེན་པོ་བྱེད་ཀྱི་ཡོད། ངོས་ནས་བསམ་ན་དེས་ཆོས་ལུགས་མཐུན་སྒྲིལ་མཚོན་གྱི་འདུག དེ་རིང་ཁར་ཙང་རྒྱ་གར་ནི་འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་ཁག་ཚང་མ་མཉམ་དུ་གནས་ཡོད་པའི་ཡུལ་གྲུ་གཅིག་པུ་དེ་རེད།དེ་དང་ཆབས་ཅིག་ཕན་ཚུན་ལ་གུས་བརྩི་ཡོད་པ་དང་སྐབས་རེར་ཕན་ཚུན་ལེགས་ཆ་ལེན་རེས་ཀྱང་ཡོང་གི་ཡོད་པས།འཛམ་གླིང་ལ་མིག་ལྟོས་དང་སྙིང་སྟོབས་དེ་འདྲ་ཞིག་དགོས་ཀྱི་འདུག་མ་གཏོགས། ཆོས་ལུགས་ཀྱི་ཐོག་ནས་དཀའ་རྙོག་ཧ་ཅང་མང་པོ་ཞིག་ཡོང་གི་འདུག་ཅེས་བཀའ་ཕེབས་ཡོད་ཅིང་། ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཆོས་ལུགས་དབུ་ཁྲིད་ཚོར། ཁོང་གི་སྐུ་ཚེ་ཧྲིལ་བོའི་རིང་རྒྱ་གར་གྱི་གནའ་རབས་ཤེས་ཡོན་ལ་བདག་གཅེས་གནང་ངེས་ཡིན་པའི་དམ་བཅའ་གནང་ཡོད་པ་རེད། གུ་རུ་ནཱ་ནཀ་མཆོག་གི་དམིགས་བསལ་རྗེས་དྲན་འདིར། ཆོས་ལུགས་ཁག་གི་དབུ་ཁྲིད་མང་པོ་ཞིག་ཕེབས་ཡོད་པར། ངོས་ཀྱིས་ཟོལ་མེད་ཀྱི་ཐོག་ནས་ཡི་རང་ཆེན་པོ་གནང་གི་ཡོད་ཁར། ད་ཆ་ངོས་རང་ལོ་༨༤ལ་སོན་ཡོད་པ་དང་། ངོས་ཀྱི་མི་ཚེ་ཧྲིལ་བོའི་རིང་། རྒྱ་གར་གྱི་གནའ་བོའི་ཤེས་ཡོན་ལ་བདག་གཅེས་ཀྱི་ཆོད་སེམས་བརྟན་པོ་ཡོད་ཅེས་བཀའ་གནང་ཡོད་པ་རེད། ཡང་སིཁ་ཆོས་ལུགས་ཀྱི་རྗེས་འབྲང་བ་ཚོའི་ནང་རིགས་རུས་ཆོ་འབྲང་གི་དབྱེ་བ་མེད་པ་དང་། ལས་ཀ་ལ་ཧུར་བརྩོན་ཆེན་པོ་ཡོད་པའི་སྲོལ་རྒྱུན་བཟང་པོ་དེ་རྒྱུན་སྐྱོང་གནང་དགོས་ཞེས། རྒྱ་གར་པཎ་ཇཱབ་མི་རིགས་ཚོར་༧གོང་ས་མཆོག་གིས་བསྔགས་བརྗོད་སྐུལ་མ་གནང་ཡོད་པ་རེད། སྤྱི་ཚེས་༩ཉིན་༧གོང་ས་མཆོག་གི་རྒྱ་གར་པཎ་ཇཱབ་མངའ་སྡེའི་ནང་གི་མཛད་འཕྲིན་ཁག་གྲུབ་བསྟུན། ཕྱིར་བཞུགས་སྒར་ཕོ་བྲང་དུ་༧ཞབས་སོར་བདེ་བར་འཁོད་སྐབས། ཕྱི་ནང་གི་མི་རིགས་ཧ་ཅང་མང་པོས་ཞལ་མཇལ་ཕེབས་བསུ་འང་ཞུས་སོང་།།

མཆན། (0)
Share
དྲ་གནས་ཆ་ཚང༌།