རྒྱུད་ཆེན་ཀུན་དགའ་དོན་གྲུབ་མཆོག་སྐུ་འཁྲུངས་ནས་མི་ལོ་ ༦༠༠ འཁོར་བའི་རྗེས་དྲན།

2019-11-02
གློག་འཕྲིན།
མཆན།
Share
པར་བཀོད།
༸གོང་ས་མཆོག་གིས་དུས་རབས་འདིར་སྐྱེས་པའི་བོད་རིགས་ཚང་མ་ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་གཟུང་རྒྱུ་ཡིན་པ་རྒྱུད་ཆེན་ཀུན་དགའ་དོན་གྲུབ་སྐུ་འཁྲུངས་ནས་མི་ལོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་མཛད་སྒོའི་སྐབས་བཀའ་གནང་སོང་།
༸གོང་ས་མཆོག་གིས་དུས་རབས་འདིར་སྐྱེས་པའི་བོད་རིགས་ཚང་མ་ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་གཟུང་རྒྱུ་ཡིན་པ་རྒྱུད་ཆེན་ཀུན་དགའ་དོན་གྲུབ་སྐུ་འཁྲུངས་ནས་མི་ལོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་མཛད་སྒོའི་སྐབས་བཀའ་གནང་སོང་།
དགའ་ལྡན་ཕོ་བྲང་།

ཕྱི་ཟླ་༡༡ཚེས་༢ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་རྒྱུད་སྟོད་གྲྭང་ཚང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་མཆོག་གཙོས་པའི་བླ་སྤྲུལ་ཁག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སེར་སྐྱ་མི་མང་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས། རྒྱུད་ཆེན་ཀུན་དགའ་དོན་གྲུབ་མཆོག་སྐུ་འཁྲུངས་ནས་མི་ལོ་༦༠༠ འཁོར་བའི་རྗེས་དྲན་ཞུས་ཡོད་པ་རེད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས། དེ་སྔའི་ལོ་རྒྱུས་ལ་གཞིགས་ན་ང་ཚོ་ཚང་མ་ཚེ་རབས་ནས་ཚེ་རབས་འབྲེལ་བ་ཡོད་པ་ཞིག་ཡིན་ཞེས་དང་། ད་ལྟའི་དུས་རབས་འདིར་སྐྱེས་པའི་བོད་རིགས་ཚང་མ་ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་གཟུང་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད། ཡང་སྐབས་དེར་རྒྱུད་ཆེན་རྗེ་བཙུན་ཀུན་དགའ་དོན་གྲུབ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་དུས་སྟོན་འདི་དང་བསྟུན། རྒྱུད་སྟོད་གྲྭ་ཚང་དང་།རྒྱུད་ཟུར་མཐུན་འབྲེལ་ཚོགས་པ་ཐུན་མོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ ཞུ་བའི་སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ད་ལྟའི་འཆར་བོད་མི་གཙོ་བོར་འགྱུར་བའི་འཛམ་གླིང་འདིའི་ནང་མི་མང་པོ་ཞིག་གིས་ངོས་ལ་བློ་བརྟན་འགྱུར་མེད་ཀྱིས་དགའ་པོ་བྱེད་ཀྱི་ཡོད་རེད། དེར་བརྟེན་ཇི་ཙམ་གྱིས་ཚེ་རིང་པོ་གནས་པ་ཡིན་ཚེ། དེ་ཙམ་གྱིས་གཞན་ཕན་གྱི་བྱ་བ་བསྒྱུབ་རྒྱུའི་སྙིང་སྟོབས་བསྐྱེད་བཞིན་ཡོད་ཅེས་དང་། མགོན་པོ་གང་ཉིད་མཆོག་དགུང་གྲངས་བརྒྱ་དང་བཅུ་ལྷག་སྐུ་འཚོ་བཞུགས་གནང་རྒྱུའི་ཐུགས་རེ་ཡོད་པ་བཀའ་སློབ་འདི་ལྟར་ཕེབས་སོང་། ཡང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱུད་ཀྱི་ཊཱིཀའི་གསང་སྔགས་མཁས་པའི་བགྲོ་གླེང་ཆེན་མོ་དབུ་འབྱེད་གནང་ཡོད་ཅིང་། མགོན་པོ་གང་ཉིད་མཆོག་གིས།རྒྱུད་ཆེན་ཀུན་དགའ་དོན་གྲུབ་མཆོག་ནི་བསྟན་པ་ སྤྱི་དང་གསང་སྔགས་ཀྱི་བསྟན་པ་འཛིན་མཁན་གཙོ་བོ་ཞིག་ཆགས་ཡོད་ཅེས་དང་། ནང་པ་སངས་རྒྱས་པའི་ཆོས་དེ་རིག་པའི་ལམ་ནས་གཏན་ལ་འབབ་རྒྱུ་ཡོད་པ་ཞིག་ཡིན་པས། ངེས་པར་དུ་འདིར་སློབ་གཉེར་བྱ་དགོས་གལ་ཆེ་བའི་སྐོར་བཀའ་སློབ་འདི་གནང་སོང་། ད་རེས་ཀྱི་རྗེས་དྲན་དུས་སྟོན་འདིར་དམིགས་བསལ་གྱིས་རྒྱལ་ཁབ་ཁག་༢༥ ནས་རྒྱུད་སྟོད་གྲྭ་ཚང་གི་རྒྱུད་ཟུར་ཚོ་དང་དེ་དག་གི་ནང་མི་སྤུན་མཆེད་སོགས་ཁྱོན་མི་གྲངས་༤༠༠ ལྷག་ཆེད་བཅར་ཞུས་འདུག སྐབས་དེར་གྲྭ་ཚང་གི་མཁན་རིན་པོ་ཆེ་ཐུབ་བསྟན་བསྟན་འཛིན་མཆོག་ནས་རྗེས་དྲན་མཛད་སྒོ་ངོ་སྤྲོད་གནང་བའི་སྐབས། གྲྭ་ཚང་དེ་ཉིད་སྤྱི་ལོ་༢༠༠༤ལོར་བཞུགས་སྒར་རམ་ས་ལའི་ཉེ་འདབས་སུ་གནས་སྤོས་པ་ནས་ད་ལྟའི་བར༸གོང་ས་མཆོག་གིས་བཀའ་དགོངས་བཞིན་ གྲྭ་ཚང་དེ་ཉིད་ཀྱིས་ནང་པའི་གཞུང་ལུགས་ལ་བསླབ་པ་སློབ་གཉེར་རྒྱ་ཆེར་གནང་བཞིན་ཡོད་པ་ངོ་སྤྲོད་གནང་ཡོད་པ་རེད། གཞན་ཡང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱུད་ཆེན་ཀུན་དགའ་དོན་གྲུབ་སྐུ་འཁྲུངས་ནས་ལོ་དྲུག་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་དུ་རྗེ་བཙུན་ཀུན་དགའ་དོན་གྲུབ་མཆོག་གི་སྣང་བརྙན་ཞིག་འབུལ་ལམ་ཞུས་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་དབུ་བཞུགས་ཀྱིས། སྔགས་རིམ་ཆེན་མོ་དཔེ་བསྡུར་མ་དང་། རྗེ་བཙུན་ཤེས་རབ་སེངྒེའི་གསུང་རྒྱུད་ཀྱི་ཊཱིཀྐ་སྒྲོན་མ་རབ་ཏུ་གསལ་བར་བྱེད་པ་རྩ་འགྲེལ་སྦྱར་མ། རྗེ་བཙུན་ཀུན་དགའ་དོན་འགྲུབ་ཀྱི་གསུང་རྒྱུད་ཊཱིཀ་རིམ་གཉིས་གཏེར་མཛོད་རྩ་འགྲེལ་སྦྱར་མ། དེ་བཞིན་རྗེ་བཙུན་ཀུན་དགའ་དོན་འགྲུབ་ཀྱི་མཛད་རྣམ་བརྙན་དེབ་ངོ་མཚར་ནོར་བུའི་དོ་ཤལ་བཅས་དབུ་འབྱེད་མཛད་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།