ཨ་རིའི་ངོས་ནས་བོད་དོན་ལ་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ནན་བརྗོད།

2020-09-30
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་དྲ་ངོས།
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་དྲ་ངོས།
CECC

ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་གནང་ཕྱོགས་ཐད་ཉན་ཞིབ་ཚོགས་འདུ་ཞིག་སྤྱི་ཟླ་དགུ་པའི་ཚེས་༣༠ཉིན། དྲ་ལམ་བརྒྱུད་ནས་སྐོང་ཚོགས་གནང་སོང་ལ། སྐབས་དེར་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་རྡོར་རྗེ་ལགས་ཀྱིས། རྒྱ་ནག་དེ་བཞིན་རྒྱལ་སྤྱིའི་ནང་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཞིག་ཏུ་འགྱུར་བཞིན་པ་དང་བསྟུན། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་མནར་གཅོད་དང་བཙན་གནོན་གྱི་སྲིད་ཇུས་སྔར་ལས་མང་དུ་བཏང་བ་མ་ཟད། ཨ་རི་ལྟ་བུ་རང་དབང་རྒྱལ་ཁབ་ནང་དུའང་མང་ཚོགས་ཀྱི་རང་དབང་དང་རྒྱལ་སྲུང་ལ་གནོད་འཚེ་ཆེན་པོ་བཟོ་བཞིན་ཡོད་པ་དང་། སྐད་འཕྲིན་ལྟ་བུའི་མཉེན་ཆས་ནི་གཞི་རྩའི་མང་ཚོགས་ཀྱི་གཏམ་བརྗོད་དང་འབྲེལ་གཏུགས་བྱེད་སའི་གླེང་སྟེགས་ཞིག་ཡིན་དགོས་ཀྱི་ཡོད་ནའང་རྒྱ་ནག་གཞུང་གིས་སྐད་འཕྲིན་ཁ་པར་མཉེན་ཆས་བརྒྱུད་མང་ཚོགས་ཐོག་ཞིབ་བཤེར་དང་གསང་བའི་ཉུལ་ཞིབ་ཀྱི་ལག་ཆར་བེད་སྤྱོད་བྱས་ཏེ། བོད་ནང་ཙམ་མ་ཟད་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་གནས་སྡོད་བྱས་པའི་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་འཐབ་རྩོད་པ་ཚོར་ཉུལ་ཞིབ་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་བཞིན་ཉན་ཞིབ་ལྷན་ཚོགས་དེའི་ཐོག་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་ཐོག་ལྔ་པ་༧གཟིག་རྒྱབ་རིན་པོ་ཆེ་ཡིས། གལ་སྲིད་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡིན་ཚེ་རྒྱ་ནག་གཞུང་གིས་བོད་མིར་མཇལ་དུ་འཇུག་དགོས་པ་དང་། རིན་པོ་ཆེ་མཆོག་གི་གནད་དོན་ཕྱི་གསལ་ནང་གསལ་བྱེད་དགོས་པའི་ཐད་ཨ་རི་དང་དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་རྣམས་ཀྱིས་ཐུགས་སྣང་གིས་རིན་པོ་ཆེ་གར་ཡོད་ཐད་ཞིབ་འཇུག་གནང་དགོས་པའི་རེ་སྐུལ་གནང་སོང་།
དེ་བཞིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་(Matteo Mecacci)་ལགས་ཀྱིས། ད་ལྟའི་བོད་ནང་གི་གནས་སྟངས་ངོ་སྤྲོད་བྱེད་ཞོར། བོད་ནང་གི་བོད་མི་ཚོར་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་མེད་པར་དམ་དྲག་བྱེད་བཞིན་པ་དང་། དམིགས་བསལ་ཉེ་ལམ་ནས་བོད་ཀྱི་གྲོང་གསེབ་ས་ཁུལ་གྱི་མང་ཚོགས་རྣམས་གྲོང་གསེབ་ཀྱི་ཞིང་ལས་ནས། དེང་སྐབས་གསར་དུ་རྒྱབ་པའི་དམག་མིའི་ཁང་པའི་བཟོ་བཀོད་ལྡན་པའི་སྦྱོང་བརྡར་ལྟེ་གནས་ཁང་གི་བཟོ་གྲྭའི་ནང་གི་ལས་བཟོ་བར་ངལ་རྩོལ་བསྒྱུར་བཀོལ་ལ་བསྒྱུར་ཐབས་བྱེད་པ་སོགས་གསལ་སྟོན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་། ལྷག་དོན་ཨ་རིའི་གཞུང་གིས་བོད་དོན་ཐད་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་ཡིན་པ་ནན་བརྗོད་བྱས་སོང་།
ཉན་ཞིབ་ཐོག་ད་དུང་ཨ་རིའི་སྤྱི་འཐུན་ཚོགས་པའི་གྲོས་ཚོགས་གོང་མིའི་འཐུས་མི་མར་ཁོ་རུ་བྷིའོ་(Marco Rubio)་ལགས་དང་། ཨ་རིའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་(Sophie Richardson)་ལགས་བཅས་ཀྱང་མཉམ་ཞུགས་ཀྱིས་བོད་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་དང་། གོང་ཞུས་ཨ་རིའི་ཚོགས་ཆུང་དེའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་(Jim McGovern)་མཆོག་གིས། ཉན་ཞིབ་མཇུག་བསྡོམས་ཀྱི་གསུང་བཤད་གནང་སྐབས། བོད་ཀྱི་གནད་དོན་ཐད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་མ་བྱུང་བའི་རྗེས་ཨ་རིའི་གྲོས་ཚོགས་ནས་རྒྱབ་སྐྱོར་བྱ་རྒྱུ་མིན་པའི་འཁྲུལ་སྣང་ཞིག་རྒྱ་ནག་གཞུང་གིས་བྱེད་བཞིན་པ་ནི་ནོར་འཁྲུལ་ཡིན་པ་གསུང་སྟེ། ཨ་རིའི་ངོས་ནས་བོད་དོན་ལ་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ནན་བརྗོད་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།