བལ་ཡུལ་ནང་ཆབ་སྲིད་དཀའ་ངལ་གནས་སྟངས་ཀྱི་རྐྱེན་པས་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་དུས་ཚོད་ཉིན་ཤས་སྔ་སྣུར་གྱིས་འདི་ཚེས་༢༥ ཉིན་འཕགས་ཤིང་ས་གནས་དང་ཚེས་༢༦ ཉིན་ནས་མཆོད་འབྱོར་ས་གནས་སུ་དངོས་གསལ་དོད་པོ་མེད་པར་གསང་བའི་ལམ་ནས་འོས་ཤོག་བསྡུས་ཡོད་ཀྱང་འདི་ཚེས་༢༧ ཉིན་གྱི་སྔ་དྲོ་འདི་ག་ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བལ་ཡུལ་མི་སེར་ཡིན་པ་གྷོ་རུང་རྡོ་རྗེ་རྒྱལ་མཚན་ལགས་དང་མཆོད་འབྱོར་བོད་མིའི་ས་གནས་འགོ་འཛིན་ལོ་པཎ་རིན་པོ་ཆེ་ངག་དབང་མཆོག་གྲུབ་ལགས་དང་གཞན་བོད་མི་གསུམ་བཅས་ཁྱོན་མི་ལྔ་བལ་ཡུལ་བྷོ་དྷ་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་སྐོར་བལ་ཡུལ་གསར་འགོད་པ་གྷོ་རུང་རྡོ་རྗེ་རྒྱལ་མཚན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་བཟང་པོ་ལགས་ཀྱིས་འགྲེལ་བརྗོད་གནང་བར་གཞིགས་ན།བོད་མི་ཁག་ཅིག་བལ་ཡུལ་བྷོདྷ་འམ་མཆོད་རྟེན་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དངོས་འབྲེལ་རེད་ལ། དེ་རིང་རྒྱ་ནག་གི་དཔོན་རིགས་ཁག་ཅིག་བལ་ནང་གཟིགས་སྐོར་ཕེབས་ཡོད་པར་སོང་།ག་དུས་གློད་གྲོལ་ཡོང་མིན་གནས་ཚུལ་ལབ་ཁག་པོ་ཡིན་པ་གསུང་གནང་གི་འདུག
བལ་ཡུལ་ནང་༢༠༡༡ ལོའི་འོས་བསྡུ་དེ་དངོས་གསལ་དོད་པོའི་ཐོག་ནས་བྱས་ཡོད་པར་སོང་།སྐབས་དེར་བལ་ཡུལ་གཞུང་ནས་འོས་སྒམ་ཚང་མ་འཕྲོག་ནས་ཕྱིར་ལོག་བྱས་མེད་པར་བརྟེན།འོས་བསྡུ་ལས་རིམ་ཆ་ཚང་འགྲོ་ཐུབ་མེད་པར་སོང་། ༢༠༡༦ ལོར་དངོས་གསལ་དོད་པོ་མེད་པའི་ལམ་ནས་འོས་བསྡུ་བྱས་ནས་བོད་མི་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་གང་ཡང་བྱུང་མེད་ཀྱང་། ད་རེས་དངོས་གསལ་དོད་པོ་མ་ཡིན་པར་གསང་བའི་ཐོག་ནས་འོས་བསྡུའི་ལས་རིམ་འགོ་འཛུགས་བྱས་པ་དེ་ཉེན་རྟོག་པས་ཤེས་རྟོགས་བྱུང་སྟེ་འདི་གའི་གསར་འགོད་པ་རྡོ་རྗེ་རྒྱལ་མཚན་ལགས་གཙོས་པའི་བོད་མི་ལྔ་འཛིན་བཟུང་བྱས་པ་རེད་འདུག
བོད་མིའི་སྒྲིག་འཛུགས་འོས་བསྡུ་ལས་ཁང་ནས་༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་༢༠༢༡་ཟླ་༡ ཚེས་༣་དང་དངོས་གཞི་ཟླ་༤ཚེས་༡༡་ཉིན་གཏན་འབེབས་གསལ་བསྒྲགས་གནང་ཡོད་པ་རེད།