ས་གནས་ཁག་གཉིས་ནང་བོད་མིའི་ཚོང་ཁང་དང་ཁྲོམ་སར་མེ་སྐྱོན་བྱུང་འདུག

2019-09-06
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་རྡུ་ལེ་ཡ་(Dhule)་ས་གནས་ཀྱི་བོད་མིའི་ཁྲོམ་སར་མེ་སྐྱོན་སྐབས། ༢༠༡༩།༩།༤
རྒྱ་གར་རྡུ་ལེ་ཡ་(Dhule)་ས་གནས་ཀྱི་བོད་མིའི་ཁྲོམ་སར་མེ་སྐྱོན་སྐབས། ༢༠༡༩།༩།༤
RFA

རྒྱ་གར་གྱི་ས་གནས་ཁག་གཉིས་ནང་བོད་མིའི་ཚོང་ཁང་དང་ཁྲོམ་སར་མེ་སྐྱོན་བྱུང་ནས་ཧིན་སྒོར་འབུམ་ཕྲག་མང་པོ་གྱོང་གུད་ཕོག་འདུག
སྤྱི་ཟླ་༩་ཚེས་༡་ཉིན་རྒྱ་གར་(Maharashtra)་མངའ་སྡེའི་གྲོང་ཁྱེར་རྡུ་ལེ་ཡ་ (Dhule)་ཞེས་པའི་ས་གནས་སུ་བོད་མི་སུད་ཚོང་བ་རྣམས་ཀྱི་ཚོང་ཟོག་ལ་གློ་བུར་མེ་སྐྱོན་ཚབས་ཆེ་ཤོར་ནས། ཁྲོམ་ས་བཅུ་གཉིས་ཀྱི་བལ་གོས་མ་གནས་ཧིན་སྒོར་འབུམ་གཉིས་བརྒྱ་ཙམ་གྱི་ཚོང་ཟོག་ཆ་ཚང་མེས་འཚིགས་ཡོད་པ་དང་། ཡང་ཟླ་༩་བའི་ཚེས་བཞི་ཉིན། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་ཊལ་ལ་ཧོ་སིའི་ཁྲོམ་གཞུང་ནང་ཡོད་པའི་བོད་མིའི་བཟོ་གྲྭའི་ཚོང་ཁང་ཞིག་ཡོད་པར་མེ་སྐྱོན་བྱུང་ནས་ཚོང་ཁང་ནང་གི་དངུལ་གྱི་རྒྱན་ཆའི་རིགས་དང་གྱོན་ཆས་སོགས་ཧིན་སྒོར་འབུམ་ཉི་ཤུ་ལྷག་གི་མ་རྩའི་ཅ་དངོས་མེར་འཚིགས་ཡོད་པ་ཊལ་ལ་ཧོ་སི་ས་གནས་འགོ་འཛིན་རབ་བསྟན་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་ངོ་སྤྲོད་གནང་བྱུང་།
རྡུ་ལེ་ཡ་ (Dhule)་མེ་སྐྱོན་ཐད་ད་སྐབས་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་སྤྱི་ཚེས་ ༥ ་ཉིན་ནཱག་པུར་གྲོང་ཁྱེར་དུ་ཆེད་ཕེབས་ཀྱིས་འབྲེལ་ཡོད་ཚོང་པའི་སྐུ་ཚབ་བོད་མི་བཅུ་གཉིས་དང་ལྷན་ཐུག་འཕྲད་གནང་ཡོད་པ་དང་། སྐབས་དེར་བཙན་བྱོལ་བོད་མིའི་ཚོང་པའི་ལྷན་ཚོགས་ཀྱི་སྐུ་ཚབ་གཅིག་ཀྱང་ཕེབས་ཡོད་པ་རེད།  ནང་སྲིད་བཀའ་བློན་མཆོག་གིས་ནང་སྲིད་ལས་ཁུངས་ཀྱི་ཛ་དྲག་ངལ་སེལ་རོགས་དངུལ་ནས་ཧིན་སྒོར་འབུམ་ལྔ་གནང་རྒྱུའི་ཞལ་བཞེས་གནང་འདུག
ཊལ་ལ་ཧོ་སིའི་མེ་སྐྱོན་ཐད་འདི་ཚེས་༥་ཉིན་ནང་སྲིད་དྲུང་ཆེ་དབང་འདུད་ཚེ་རིང་ལགས་དང་འབྲེལ་ཡོད་ཚན་པའི་ལས་བྱེད་ཞིག་ས་གནས་སུ་རྟོག་ཞིབ་ཆེད་ཕེབས་ཡོད་པ་མ་ཟད། ཚོང་ཁང་དེ་བཞིན་བོད་མིའི་བཟོ་གྲྭ་ནས་༡༩༦༥་ལོ་ནས་བཟུང་ཁང་གླའི་ངོ་བོ་ཐོག་ནས་ཁང་བདག་རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་ནང་བཅའ་བཞུགས་སྐུ་ཞབས་རོ་ཧིཊ་ཁན་ན་ལགས་ཀྱི་ས་ནས་ལེན་པ་ཞིག་ཆགས་ཀྱི་ཡོད་སྟབས་། ད་ཆ་ཚོང་དེ་ཤུལ་མེད་ཆགས་ཟིན་ཡོད་སྟབས་ནང་སྲིད་ལས་ཁང་ནས་འབྲེལ་ཡོད་ཁང་བདག་ལ་འབྲེལ་བ་གནང་ཏེ་མ་འོངས་ཚོང་ཁང་དེ་མུ་མཐུད་བཟོ་གྲྭ་ལ་རང་འཇགས་གནང་རྒྱུའི་སྐོར་ཞུས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།