ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གི་བྱ་སྤྱོད་ཐད་ཡ་ལན་སློག་རྒྱུ་ཡིན་ཟེར།

2020-07-03
གློག་འཕྲིན།
མཆན།
Share
པར་བཀོད།
ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་(Ursula von der leyen)་ལགས། ༢༠༢༠།༧།༣
ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་(Ursula von der leyen)་ལགས། ༢༠༢༠།༧།༣
AFP

ཡོ་རོབ་མཐུན་ཚོགས་ཀྱིས་གདེང་ཚོད་ཡོད་པ་དང་མཉམ་འབྲེལ་ངང་རྒྱ་ནག་གི་ཐོག་ཕུགས་རྒྱང་རིང་པོར་ཤུགས་རྐྱེན་སྤྲོད་ཐུབ་རྒྱུ་ཡིན་པ་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོས་གསུང་འདུག
དེ་ཡང་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་(Ursula von der leyen)་ལགས་ཀྱིས་ཇར་མན་གྱི་དབུ་ཁྲིད་ལྕམ་(Angela Merkel)ལགས་ལྷན་དུ་འདི་ཚེས་༢་ཉིན། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གསར་པ་གཏན་འབེབས་ལག་བསྟར་བྱས་བའི་གནད་དོན་དང་འབྲེལ་གསར་འགོད་ལྷན་ཚོགས་སྤེལ་ནས། ད་རེས་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་ཟེར་བ་ཧོང་ཀོང་ཐོག་བཀེལ་བ་དེས་ཧོང་ཀོང་ལ་ཆེས་མཐོའི་རང་སྐྱོང་གི་གནས་བབས་ཡོད་པ་དེར་ཉེན་ཁ་ཚབས་ཆེ་བཟོ་བཞིན་པ་དང་། དེ་བཞིན་དུ་རང་དབང་གི་ཁྲིམས་ཞིབ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་ཡང་ཉེན་ཁ་ཚབས་ཆེ་བཟོ་བཞིན་ཡོད་སྟབས། དེའི་ཐོག་ཡོ་རོབ་མཐུན་ཚོགས་ཀྱིས་གཟིགས་ཞིབ་ནན་པོ་བྱས་ནས་ཡ་ལན་སློག་རྒྱུ་ཡིན་སྐོར་དང་། ཡོ་རོབ་མཐུན་ཚོགས་ཀྱིས་གདེང་ཚོད་ལྡན་པ་དང་རྡོག་རྩ་གཅིག་ཏུ་སྒྲིལ་བའི་བཞེངས་ཕྱོགས་ཤིག་བཟུང་བ་ཡིན་ན། རྒྱ་ནག་ལ་ཕུག་རྒྱང་རིང་པོར་ཤུགས་རྐྱེན་སྤྲོད་ཐུབ་རྒྱུ་ཡིན་ལུགས་གསུངས་འདུག
ཡང་ཁོང་གིས་ད་ལྟའི་ཆར་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་བར་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་གནང་ཕྱོགས་སོགས་ཀྱི་ཐད་མཉམ་འབྲེལ་ཡག་པོ་ཡོད་ན་ཡང་བརྗོད་གཞི་གཞན། དཔེར་ན། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ཀྱི་ཐད་དཀའ་ངལ་ཡོད་པ་དང་། གནད་དོན་དེ་དག་ནི་ཧ་ཅང་གལ་ཆེ་དང་ཚབས་ཆེའི་གནད་དོན་ཡིན་པས་དེའི་ཐད་ལྷོད་གཡེང་བྱེད་ཐབས་མེད་ཚུལ་དང་། ཡོ་རོབ་མཐུན་ཚོགས་ནི་དོན་དངོས་ཐོག་རྒྱ་ནག་གི་ཚོང་རོགས་ཆེ་ཤོས་ཡིན་སྟབས། ཡོ་རོབ་ནང་རྒྱ་ནག་གི་ཕྱོགས་ནས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་སྐོར་ཡང་གསུངས་འདུག
ད་རེས་རྒྱ་ནག་དམར་ཤོག་གཞུང་གིས་ཧོང་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གསར་པ་ཟེར་བ་བཙན་བཀེལ་བྱས་པ་དེར་ཨ་མི་རི་ཀ་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་དྲག་པོ་བྱས་དང་བྱེད་བཞིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།