གོ་ལའི་སྐྱེ་འཇིག་ནི་མིའི་རིགས་ཀྱི་ཚེ་སྲོག་དང་མ་འོངས་པར་འབྲེལ་ཡོད། ༧གོང་ས་མཆོག་གིས།

2020-04-22
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 2020/1
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 2020/1
OHHDL

གོ་ལ་སྤྱི་ལ་འཕྲད་པའི་དཀའ་ངལ་སེལ་ཐབས་སུ་ཚང་མས་གཅིག་གྱུར་གྱི་འདུ་ཤེས་ཡོད་པའི་ཐོག་མཐུན་སྒྲིལ་མཉམ་ལས་ཀྱི་སྒོ་ནས་སྔོན་འགོག་གདོང་ལེན་བྱེད་གལ་ཆེ་བ་༧གོང་ས་མཆོག་གི་འཛམ་གླིང་གོ་ལའི་ཉིན་མོར་གསུང་འཕྲིན་སྩལ་འདུག
སྤྱི་ལོ་༢༠༢༠་ལོའི་སྤྱི་ཟླ་༤་པའི་ཚེས་༢༢་ཉིན། འཛམ་གླིང་སའི་གོ་ལའི་ཉིན་མོ་སྲུང་བརྩི་ཞུས་ཏེ་མི་ལོ་༥༠་འཁོར་བའི་དུས་དྲན་གྱི་ཉིན་མོ་དང་བསྟུན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་སྩལ་ཡོད་པ་དང་། གསུང་འཕྲིན་ནང་༧གོང་ས་མཆོག་གིས། འཛམ་གླིང་སའི་གོ་ལའི་ཉིན་མོ་སྲུང་བརྩི་ཞུས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་སྐབས་འདིར། གོ་ལ་འདིར་སྐྱེ་འགྲོ་སྤྱིའི་ཚེ་སྲོག་དང་འབྲེལ་བའི་དཀའ་ངལ་ཆེ་ཤོས་ཤིག་འཕྲད་བཞིན་ཡོད། འོན་ཀྱང་འདིར་གདོང་ལེན་བྱེད་པའི་སྐབས་སུ་གཞན་ཕན་གྱི་བྱམས་བརྩེ་དང་ཕན་ཚུན་དཔུང་གྲོགས་ཀྱི་རིན་ཐང་ཡང་གོང་མཐོར་འདེགས་བཞིན་ཡོད། ད་རེས་གོ་ལ་སྤྱི་ལ་ཁྱབ་པའི་ཏོག་དབྱིབས་ནད་ཡམས་འདིས་རིགས་རུས་དང་རིག་གཞུང་། དེ་བཞིན་ཕོ་མོ་སོགས་དབྱེ་བ་་མེད་པར་ཀུན་ལ་སྡིགས་བཞིན་ཡོད་སྟབས། ང་ཚོས་གདོང་ལེན་གྱི་ནུས་པ་ཡང་གཅིག་ཏུ་བསྒྲིལ་ཏེ་རང་གཞན་ཀུན་གྱི་མཁོ་དགུའི་རེ་བ་བསྐོང་རྒྱུ་གལ་ཆེ་ཞེས་དང་། སྤྱིར་སོ་སོར་འདོད་པ་ཡོད་མིན་ལ་མ་ལྟོས་པར་ང་ཚོ་ཚང་མ་འཛམ་གླིང་ཁྱིམ་ཚང་ཆེན་པོ་གཅིག་གི་ནང་དུ་སྐྱེས་ནས་ཡོད་པ་གཅིག་གྱུར་ཡིན། དབུལ་ཕྱུག་གང་ཡིན་དང་། ཡང་སློབ་སྦྱོང་ཡོད་མེད་གང་ཡིན་ཀྱང་རུང་། དེ་བཞིན་རྒྱལ་ཁབ་གང་གི་ཁོངས་སུ་གཏོགས་ཀྱང་རུང་། མཐར་ཐུག་ན་ཚང་མ་འགྲོ་བ་མིའི་རིགས་སུ་གཏོགས་པ་གཅིག་མཚུངས་ཡིན། ཡང་བདེ་བ་འཚོལ་བ་དང་སྡུག་བསྔལ་སྤོང་བའི་ཐོབ་ཐང་ཡོད་པ་ཡང་མཚུངས་པ་ཡིན། ཚུལ་དེ་ལྟ་བུའི་སྒོ་ནས་འགྲོ་བ་སེམས་ཅན་ཀུན་ལ་མཉམ་པར་བལྟ་ཐུབ་ན་གཞན་གྱི་སྡུག་བསྔལ་ལ་མི་བཟོད་པའི་སེམས་ཁུར་དང་གཞན་ལ་ཉེ་བའི་བསམ་པ་སྐྱེ་ཐུབ། དེ་ནས་འཇིག་རྟེན་སྤྱི་ལ་ཁྱབ་པའི་སེམས་ཁུར་བཅོས་མིན་ཞིག་སྟེ། དེ་ཡང་གཞན་དཀའ་ངལ་ལས་གྲོལ་ཆེད་དུ་བརྩོན་པའི་བརྩོན་འགྲུས་དེ་ཡང་ཡོང་ངེས་ཡིན། རང་གཞན་ཀུན་གྱི་འཚོ་རྟེན་དུ་གྱུར་པའི་འཛམ་བུ་གླིང་འདི་ལས་འཇིག་རྟེན་སྤྱི་ཁྱབ་ཀྱི་སེམས་ཁུར་གྱི་སློབ་སྦྱོང་ཞིག་ཀྱང་ལེན་རྒྱུ་ཡོད། འཛམ་གླིང་འདི་རང་གཞན་ཐུན་མོང་གི་སྣོད་ཀྱི་འཇིག་རྟེན་ལྟར་གྱུར་ཡོད། འདིའི་སྐྱེ་འཇིག་ནི་རང་རེའི་ཚེ་སྲོག་དང་། འདིའི་མ་འོངས་པ་ཡང་རང་རེའི་མ་འོངས་པ་ཡིན། གོ་ལ་འདི་ཉིད་རང་གཞན་ཀུན་ལ་མ་ལྟར་གྱུར་ཡོད་པས། མ་ལས་སྐྱེས་པའི་བུ་ཕྲུག་བཞིན་རང་རེ་ཀུན་གོ་ལ་འདི་ཉིད་ལ་ལྟོས་ནས་འཚོ་དགོས། དེར་བརྟེན་གོ་ལ་སྤྱི་ལ་འཕྲད་པའི་དཀའ་ངལ་སེལ་ཐབས་སུ་རང་གཞན་ཀུན་ནས་ཕྱར་གྲུ་མཉམ་འདེགས་བྱེད་རྒྱུ་ཤིན་ཏུ་གལ་ཆེ་ཞེས་འཁོད་འདུག
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་རང་ལ་མཚོན་ན་ཡང་བོད་ནས་བཙན་བྱོལ་དུ་སླེབས་པ་ནས་བཟུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་དོ་སྣང་གསར་པ་སླེབས་པ་མ་གཏོགས་༡༩༥༩་གོང་དུ་རང་བྱུང་ཁོར་ཡུག་ཡིན་ཕྱིན་གཙང་མར་བརྩི་བཞིན་ཡོད། དེ་དུས་རྒྱུག་ཆུ་ཞིག་མཐོང་དུས་བཏུང་དུ་རུང་མི་རུང་གི་ཐེ་ཚོམ་ཙམ་ཡང་བྱེད་ཀྱི་མེད། འོན་ཀྱང་བློ་ཕམ་པ་ཞིག་ལ་ད་ལྟའི་ཆར་འཐུང་ཆུ་གཙང་མར་ལོངས་སྤྱོད་རྒྱུ་དེ་ཡང་འཛམ་གླིང་གང་སར་དཀའ་ངལ་ཆེ་ཁག་ཞིག་ཏུ་གྱུར་ནས་ཡོད། ནད་ཡམས་རྣམས་ཁྱབ་གདལ་མི་འགྲོ་བའི་ཆེད་འཛམ་གླིང་ས་ཕྱོགས་གང་སར་འཐུང་ཆུ་གཙང་མ་དང་། དེ་བཞིན་གཙང་འཕྱིའི་ཆ་རྐྱེན་སོགས་ནད་པ་དང་ལྷག་བསམ་ཅན་གྱི་འཕྲོད་བསྟེན་གྱི་སྡེ་ཚན་དུ་གཏོགས་མི་རྣམས་ལ་གཞི་རྩའི་མཐུན་རྐྱེན་ངེས་པར་འབུལ་ཐུབ་པ་བྱ་རྒྱུར་འབད་དགོས། སྔོན་འགོག་གི་གཙང་སྦྲ་བྱེད་རྒྱུ་ནི་འཕྲོད་བསྟེན་གྱི་རྨང་གཞིའི་ཚན་པ་གཅིག་ཡིན་ཞེས་གསུང་འདུག
ཡང་མཐའ་མཇུག་ཏུ་༧གོང་ས་མཆོག་གིས། འཕྲུལ་ཆས་ཀྱི་ཆ་རྐྱེན་ཡོངས་སུ་རྫོགས་པའི་སྨན་ཁང་གི་མཐུན་རྐྱེན་ཀུན་གྱིས་ཐུན་མོང་དུ་ལོངས་སྤྱོད་རྒྱུར་དཀའ་ཚེགས་མེད་པ་ཞིག་རྒྱུན་ཆགས་པར་བྱུང་ན། ད་ལྟ་འཛམ་བུ་གླིང་གཉན་འཕྲང་ཅན་དུ་གྱུར་པའི་སྐབས་འདིར་དཀའ་ངལ་ལས་གྲོལ་རྒྱུར་ཕན་ཐོགས་ཡོང་ངེས་ཡིན། འདི་ལྟར་བྱུང་ན་མ་འོངས་པར་ཡང་འཛམ་གླིང་འདིར་འབྱུང་འགྱུར་འཕྲོད་བསྟེན་གྱི་དཀའ་ངལ་ལ་གདོང་ལེན་སྲུང་སྐྱོབ་མཆོག་ཏུ་གྱུར་པ་ཡོང་ངེས་ཡིན། འདི་ཉིད་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་ལ་འདིའི་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་སེལ་ཐབས་ཀྱི་ཕུགས་རྒྱང་རིང་པོའི་དམིགས་ཡུལ་འཆར་གཞིར་བཀོད་པ་དེ་ཡང་ཡིན། ད་ལྟ་འཕྲད་བཞིན་པའི་ཆེས་བཟོད་པར་དཀའ་བའི་དཀའ་ཚེགས་འདིར་གདོང་ལེན་བྱེད་སྐབས་གཅིག་གྱུར་གྱི་འདུ་ཤེས་དང་། མཐུན་སྒྲིལ་གྱི་སྒོ་ནས་སྐབས་བབ་གང་ལ་གང་དགོས་དང་། ལྷག་པར་ཉམ་ཐག་པའི་མཆེད་གྲོགས་ཕོ་མོ་འཛམ་གླིང་ས་ཕྱོགས་གང་སར་ཡོད་པ་དེ་ཚོར་མཐུན་རྐྱེན་སྦྱོར་དགོས། ངོས་ནས་ཀྱང་འབྱུང་འགྱུར་གྱི་དུས་དེར་རང་གཞན་ཀུན་གྱིས་འཛམ་གླིང་འདི་ཉིད་ཞི་བདེ་ཅན་དང་། འདི་ཉིད་ལས་ཆེས་འཕྲོད་བསྟེན་ལེགས་པ་ཞིག་ཏུ་བསྐྲུན་རྒྱུར་འབད་བརྩོན་ཅི་ནུས་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད་པ་གསུང་འཕྲིན་བསྩལ་འདུག
འཛམ་གླིང་སའི་གོ་ལ་ཉིན་མོ་ནི། ཁོར་ཡུག་ལ་གཅེས་འཛིན་དང་སྲུང་སྐྱོབ་བྱེད་རྒྱུར་དྲན་གསོ་ཞུ་རྒྱུའི་ཉིན་མོ་ཞིག་ཡིན་པ་དང་། དེ་ནི་༡༩༧༠་ཐམ་པའི་ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཏུ་ཨ་རི་བ་གཞོན་སྐྱེས་ཁག་ཅིག་གིས་ཁུལ་དེའི་ནང་ཡོད་པའི་པོའོ་ཀྲོ་མེཀ་(Potomac)་གཙང་ཆུ་གཙང་བཟོའི་ལས་འགུལ་དང་འབྲེལ་མཐོ་རིམ་སློབ་གྲྭ་ཁག་ནང་ཁོར་ཡུག་ལ་གཅེས་འཛིན་གྱི་སློབ་གསོ་དང་། ཟབ་སྦྱོང་སྤྲོད་རྒྱུའི་ལས་རིམ་བརྒྱུད་སྐུལ་བྱས་པ་བརྒྱུད། སའི་གོ་ལའི་ཉིན་མོ་ཞེས་དུས་ཚེས་སྲུང་བརྩི་ཞུ་སྲོལ་འགོ་བཙུགས་བྱས་བ་དང་། འདས་པའི་ལོ་༥༠་རིང་ལས་འགུལ་འདྲ་མིན་སྤེལ་ནས་ང་ཚོ་འཚོ་སྡོད་བྱས་པའི་གོ་ལ་འདི་གཅེས་འཛིན་དང་སྲུང་སྐྱོབ་བྱེད་བཞིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།