ཞག་ལུང་རུས་འགྱུར་གྲམ་པའི་ཐོག་རྒྱ་ནག་གི་ཡུལ་སྐོར་བས་རླངས་འཁོར་སྐོར་བའི་བྱ་སྤྱོད་ཐེར་འདོན།

2020-05-21
གློག་འཕྲིན།
མཆན།
Share
པར་བཀོད།
དར་མདོའི་ཞག་ལུང་རུས་འགྱུར་གྲམ་པའི་ཐོག ༢༠༢༠།༥་༡༦
དར་མདོའི་ཞག་ལུང་རུས་འགྱུར་གྲམ་པའི་ཐོག ༢༠༢༠།༥་༡༦
བོད་འབྱོར།

དར་རྩེ་མདོ་ཞག་ལུང་ཕྱོགས་སུ་ཡོད་པའི་འཛམ་གླིང་རང་བྱུང་ཤུལ་བཞག་གི་ཁོངས་སུ་གཏོགས་པའི་ཞག་ལུང་རུས་འགྱུར་གྲམ་པའི་ཐོག་རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་བས་གང་བྱུང་རླངས་འཁོར་བཏང་བར་ས་གནས་དམངས་ཚོགས་ཀྱིས་ཐེར་འདོན་བྱས་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་ཆ་བགོས་བྱས་བའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་རྩེ་མདོ་ཞག་ལུང་ཕྱོགས་སུ་ཡོད་པའི། འཛམ་གླིང་རང་བྱུང་ཤུལ་བཞག་གི་ཁོངས་སུ་གཏོགས་པའི་ཞག་ལུང་རུས་འགྱུར་གྲམ་པའི་ཐོག ཟླ་༥་བའི་ཚེས་༡༦་ཉིན་རྒྱ་ནག་ཅང་ཤེ་སོགས་ནས་ཡོང་བའི་ཡུལ་སྐོར་བ་ཁག་གཅིག་གིས་གང་བྱུང་རླངས་འཁོར་སྐོར་རྒྱུག་གིས་རྩེད་མོ་རྩེ་ནས། ས་གནས་ཀྱི་ཁྲིམས་སྒྲིག་ལ་བརྩི་མེད་བཏང་བ་དང་། རང་བྱུང་མཛེས་ལྗོངས་ལ་གནོད་པ་བཏང་བར་བརྟེན་བོད་མི་གཙོས་ས་གནས་དམངས་ཚོགས་ཀྱིས་ཁོང་ཚོའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་ཐེར་འདོན་བྱས་བ་མ་ཟད། ཁ ཤས་ཀྱིས་ས་གནས་ཀྱི་ཉེན་རྟོག་ལས་ཁུངས་དང་འབྲེལ་ཡོད་ཚན་པར་ཁ་པར་བརྒྱུད་ཡར་ཞུ་བྱས་ཡོད་ཀྱང་སྐབས་ཐོག་ཐག་གཅོད་གང་ཡང་བྱས་མེད་པས་རྒྱ་ནང་ནས་ཡོང་བའི་ཡུལ་སྐོར་བས་བོད་ནང་གི་ཁོར་ཡུག་ལ་མི་གཅེས་བ་དང་། བོད་མིའི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་མི་བྱེད་བའི་གནས་ཚུལ་ཡང་ཡང་ཡོང་བཞིན་པ་འགྲེལ་བརྗོད་གནང་བྱུང་།
ཡིན་ན་ཡང་རིང་བོ་མ་སོང་བར་རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་བ་དེ་ཚོའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་མཁན་དྲ་ལམ་སོགས་ནས་ཇེ་མང་དུ་སོང་བར་བརྟེན། ཚེས་༡༩་ཉིན་རླངས་འཁོར་གྱི་བདག་པོ་དང་ཡུལ་སྐོར་བ་དེ་ཚོས་གྲོང་ཁྱེར་གྱི་དོ་དམ་ཚན་པར་འབྲེལ་བ་བྱས་བ་དང་། ཡིག་ངག་གཉིས་ཐོག་ནས། ས་གནས་དར་རྩེ་མདོ་སྲིད་གཞུང་དང་མི་དམངས་བཅས་བའི་མིང་ཐོག་ནོར་འཁྲུལ་ངོས་ལེན་དང་དགོངས་སེལ་ཞུས་ཡོད་པ་ས་གནས་ཀྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
ཞག་ལུང་རུས་འགྱུར་གྲམ་པ་ནི་རྒྱ་ནག་གིས་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་བའི་རུས་འགྱུར་གྲམ་པ་ཞིག་ཡིན་པ་དང་། འཛམ་གླིང་རང་བྱུང་ཤུལ་བཞག་གི་ཁོངས་སུ་ཡོད་འདུག་ལ། དེ་ནི་དར་རྩེ་མདོ་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་རྒྱང་ཐག་སྤྱི་ལེ་བརྒྱ་ལྷག་གི་སར་ཡོད་པའི་ལྕགས་གད་ཡུལ་ཚོའི་ཞག་ལུང་སྡེ་བར་ཡོད། ད་དུང་གནས་དེར་ཡིད་དུ་འོང་བའི་མཛེས་ལྗོངས་གངས་དཀར་རི་བོ་དང་། དབྱིབས་འདྲ་མིན་གྱི་ཁ་མདོག་སྣ་ལྔའི་རུས་འགྱུར་རྫིང་བུ། རུས་འགྱུར་གྲམ་པ་མཚེའུ་སོགས་རང་བྱུང་གི་ཐོན་ཁུངས་དང་མཛེས་ལྗོངས་ཕུན་སུམ་ཚོགས་པ་ཡོད་པས། གནས་དེར་རླངས་འཁོར་འགྲོ་བསྐྱོད་དང་། གྲམ་ཆུའི་ལྟེ་གནས་སུ་གོམ་པ་སྤོ་རྒྱུ་སོགས་བཀག་སྡོམ་བྱས་ཡོད་པའི་ཁུལ་ཞིག་ཡིན་པ་རེད།


མཆན། (0)
Share
དྲ་གནས་ཆ་ཚང༌།