བོད་ཀྱི་འཐབ་རྩོད་ནི་བདེན་པ་ལ་བརྟེན་ཡོད་པ་༧གོང་ས་མཆོག་གིས་བཀའ་བསྩལ།

2019-10-29
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་༦༠་འཁོར་བའི་དུས་སྟོན་སྐབས། ༢༠༡༩།༡༠།༢༩
བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་༦༠་འཁོར་བའི་དུས་སྟོན་སྐབས། ༢༠༡༩།༡༠།༢༩
RFA

ང་ཚོ་རང་དབང་ལུང་པར་ཡོད་པ་ཚོས་བོད་རྒྱ་ཆེའི་མི་དམངས་ཀྱི་ཚབ་བྱས་ནས་འཛམ་གླིང་སྟེང་བོད་དོན་བདེན་པ་སྟོན་ཐུབ་དགོས་༧གོང་ས་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པའི་དུས་སྟོན་ཐོག་བཀའ་བསྩལ་འདུག
སྤྱི་ཟླ་༡༠་ཚེས་༢༩་ཉིན། རྒྱ་གར་རྡ་རམ་སཱ་ལར་ཡོད་པའི་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་༦༠་འཁོར་བའི་དུས་སྟོན་དང་བསྟུན་རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་འགོ་འཛུགས་གནང་བ་སོགས་ཀྱི་མཛད་སྒོར། སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་བ་དང་། བཀའ་སློབ་བསྩལ་སྐབས། ད་ཆ་ངོས་རང་མི་རྒན་ལོ་བརྒྱད་ཅུ་གྱ་ལྔའི་སྒང་ལ་བསླེབས་ཡོད་པ་དང་། ཐོག་མར་ང་ཚོ་༡༩༥༩་ལོར་རྒྱ་གར་ལ་སླེབས་སྐབས་ངོ་ཤེས་གནམ་དང་ས་མ་གཏོགས་མེད་པའི་སྐྱབས་མེད་མགོན་མེད་ལྟ་བུ་ཞིག་ཆགས་ཡོད། ཡིན་ནའང་ང་ཚོའི་བོད་མི་རིགས་ལ་སེམས་ཤུགས་དང་ལྷག་བསམ། སྙིང་སྟོབས་འགྲན་ཟླ་བྲལ་བ་ཞིག་ཡོད་པ་ཡིན་དུས། བོད་མི་བཙན་བྱོལ་བ་ཉུང་ཤས་ཞིག་འབྱོར་བསྡད་པ་ཚང་མས་ཧུར་ཐག་འབད་ཐག་བྱས། དེའི་ཐོག་ང་ཚོར་སེམས་ཤུགས་སྐྱེད་པའི་རྒྱུ་གཙོ་བོ་ནི། བོད་རྒྱ་ཆེའི་མི་དམངས་དོན་གྱི་བདག་པོ་བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་དམངས་དེ་དག་རེད། དེ་དག་གིས་སྲོག་དང་བསྡོས་ནས་བོད་མི་རིགས་ཀྱི་ཐོབ་ཐང་དང་། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན་བྱས་ནས་ལོ་འདི་དག་གི་རིང་ལ་དཀའ་ལས་རྒྱབ་པ་ཧ་ལས་པ་རེད། བོད་རྒྱ་ཆེའི་མི་དམངས་རང་དབང་དང་བྲལ་ཏེ་ཐ་ན་སྲོག་གི་ཉེན་ཁ་ཡོད་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་བཟུང་ནས་བསྡད་པ་ཡིན་དུས། ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་མི་ཚོ་རང་དབང་ལུང་པར་བསྡད་ཡོད་པ་རེད། ང་ཚོས་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་སེམས་ཤུགས་སྙིང་སྟོབས་ལ་བལྟོས་ནས། ང་ཚོ་རང་དབང་ལུང་པར་ཡོད་པ་ཚོས་བོད་རྒྱ་ཆེའི་མི་དམངས་ཀྱི་ཚབ་བྱས་ནས་འཛམ་གླིང་སྟེང་བོད་དོན་བདེན་པ་སྟོན་ཐུབ་དགོས་བ་དང་། གཙོ་བོ་ང་ཚོར་རིག་གཞུང་གཏིང་ཟབ་ཡོད་པ་དེ་མུ་མཐུད་དུ་འཛིན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བཀའ་བསྩལ་སོང་།
ཡང་བོད་ཀྱི་ཟློས་གར་སྐོར་ལ་༧གོང་ས་མཆོག་གིས། བོད་ཀྱི་རྣམ་ཐར་དེ་བོད་པ་རང་གིས་མ་གཏོགས་ཡོང་གི་མེད་པའི་སྲོལ་ལྟ་བུ་ཞིག་འདུག་པས་དེ་ནི་བོད་རང་གི་ཐུན་མོང་མ་ཡིན་པ་ལྟ་བུ་ཞིག་ཆགས་འདུག བོད་པའི་རྣམ་ཐར་དེ་སུ་གཅིག་གིས་ཀྱང་ལད་ཟློས་བྱེད་མ་ཐུབ་པ་ཞིག་ཡོད་དུས་དེ་དགེ་མཚན་ཞིག་རེད། ཅེས་དང་། ང་ཚོས་ཟློས་གར་ཚོགས་པ་བཙུགས་ནས་ད་བར་ཧུར་ཐག་བྱས་པ་རེད། ཟློས་གར་ནི་བོད་ཀྱི་རིག་གཞུང་གི་ཆ་ཤས་ཞིག་རེད། ང་ཚོའི་འཐབ་རྩོད་འདི་མི་རིགས་ཤིག་གི་འཐབ་རྩོད་ཡིན་དུས་མི་རབས་བརྗེ་ནས་འགྲོ་ཡི་ཡོད་པ་རེད། ད་བར་མི་རབས་རྗེས་མ་ཚོས་རྒྱུན་འཛིན་བྱས་ནས་ཡོང་བར་ཐུགས་རྗེ་ཆེ། ད་དུང་མི་རབས་རྗེས་མ་ཚོས་མུ་མཐུད་ནས་ཧུར་ཐག་བྱེད་དགོས་བ་སོགས་བཀའ་བསྩལ་ཡོད།
མཇུག་མཐར་༧གོང་ས་མཆོག་གིས། བོད་ཀྱི་འཐབ་རྩོད་ནི་བདེན་པ་ལ་བརྟེན་ཡོད་པ་དང་། རྒྱ་གུང་ཁྲན་ཏང་གིས་གོ་མཚོན་ལ་བརྟེན་བསྡད་ཡོད་པ་རེད། འདས་བའི་ལོ་རྒྱུས་ལ་བལྟོས་དང་། བདེན་པའི་ནུས་བ་དེ་ག་དུས་ཡིན་ཡང་གསལ་བསྡད་ཀྱི་རེད། དེ་བས་ནམ་ཞིག་བདེན་པའི་མཐའ་གསལ་ཐུབ་རྒྱུ་ཡོད་པ་བཀའ་བསྩལ་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཏམ་བཤད་སྐབས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀྲིན་ལ་བརྟེན་ནས་བཙན་བྱོལ་བོད་མིའི་གནས་སྟངས་འདི་གཞན་དང་མི་འདྲ་བ་ཞིག་ཆགས་ཡོད་པ་གསུངས་ཡོད།
བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ངག་དབང་ཡོན་ཏན་ལགས་ཀྱིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་མཆོག་གི་བཀྲིན་ལ་བརྟེན་ནས་ཕྱི་ལོ་༡༩༥༩་ལོར་བོད་ཀྱི་ཟློས་གར་ཚོགས་པ་བཙུགས་པ་ནས་ད་བར་གྱི་ལས་བསྡོམས་སྙན་སྒྲོན་གནང་བ་དང་། བོད་ཀྱི་ཟློས་གར་ཚོགས་པས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་མཚོན་ཕྱིར་སྐུ་རྒྱུ་རིན་ཆེན་སྣ་ཚོགས་ལས་འགྲུབ་པའི་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་པ་གསང་བདག་རྔོན་པའི་སྣང་བརྙན་ཞིག་གཟེངས་རྟགས་སུ་འབུལ་ལམ་ཞུས་བ་དང་། བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་བསྟོད་ཚིག་ཐོག་མཆོད་པའི་བསྟོད་དབྱངས་འབུལ་གནང་སོང་།

མཆན། (0)
Share
དྲ་གནས་ཆ་ཚང༌།