བོད་ཀྱི་གནད་དོན་ཐད་ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱབ་སྐྱོར་དགོས་གལ་ཆེ། ༧གོང་ས་མཆོག་གིས།

2019-11-04
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ནོར་༧གོང་ས་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཚོགས་བཅར་བ་ཚོར་མཇལ་མོལ་སྐབས། ༢༠༡༩།༡༡།༠༤
སྤྱི་ནོར་༧གོང་ས་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཚོགས་བཅར་བ་ཚོར་མཇལ་མོལ་སྐབས། ༢༠༡༩།༡༡།༠༤
OHHDL

དབང་ཆ་གཅིག་སྡུད་ཀྱི་སྲིད་གཞུང་ལས་རང་དབང་ཅན་གྱི་རྒྱལ་ཁབ་ནང་དུ་གནས་སྡོད་བྱེད་རྒྱུའི་དགའ་མོས་ཆེ་བ་ཡོད་པ་༧གོང་ས་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ལ་ཆེད་བཅར་བ་ཚོར་བཀའ་བསྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་སྤྱི་ཚེས་༠༤་ཉིན་བཞུགས་སྒར་རྡ་རམ་སཱ་ལའི་རྒྱལ་བའི་ཕོ་བྲང་དུ། རྒྱལ་ཁབ་འདྲ་མིན་༤༢་ཙམ་ནས་ཆེད་ཕེབས་གནང་བའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཚོགས་བཅར་༢༠༠་སྐོར་ཞིག་ལ་དམིགས་བསལ་གྱིས་མཇལ་མོལ་གནང་བའི་སྐབས། བོད་དེ་རིག་གཞུང་དང་ཆོས་ལུགས་གང་གི་ཆ་ནས་ཀྱང་ཕུན་སུམ་ཚོགས་པ་ཞིག་ཡིན་པས། དེང་གི་འཛམ་གླིང་ནང་དེ་དག་དགོས་གལ་ཆེ་ཞིང་། བོད་ཀྱི་གནད་དོན་དེ་ཡང་དེང་སྐབས་ཀྱི་འཛམ་གླིང་དང་འགྲོ་བ་མིའི་བདེ་རྩ་བཅས་དང་འབྲེལ་བ་ཆེན་པོ་ཡོད་པ་ལས། རྒྱལ་ཁབ་ཆུང་ངུ་ཞིག་གི་རང་དབང་གཅིག་པུའི་ཆེད་དུ་འཐབ་རྩོད་བྱེད་པ་ལྟ་བུ་ཞིག་མིན། དེར་བརྟེན་བོད་དོན་རྒྱབ་སྐྱོར་བ་ཚོས་ངེས་པར་དུ་བོད་ཀྱི་རིག་གཞུང་བཟང་པོ་དེ་དག་འཛམ་གླིང་ཁྱོན་ཡོངས་ཀྱི་བདེ་རྩར་ཕན་ཐོག་ཡོད་པ་མི་དམངས་ཚོར་ཁྱབ་སྤེལ་དགོས་གལ་ཆེ་ལ་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ཏེ་ཚོགས་བཅར་ཡོངས་ལ་ཐུགས་རྗེ་ཆེ་ཞེས་འཚམས་འདྲི་མཛད་གནང་སོང་།
ཡང་སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ནང་དུ་མི་ལོ་༦༠་ལྷག་རིང་རྒྱ་ནག་དམར་ཤོག་གཞུང་གིས་བོད་མི་ཚོར་དྲག་གནོན་ཇི་ཙམ་བྱས་ཀྱང་། དེ་ཙམ་གྱིས་བོད་མི་ཚོ་སེམས་ཤུགས་ཉམས་པ་མེད་པའི་ཐོག་གནས་ཡོད་རེད་ལ། ད་དུང་ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་བོད་མིའི་འཐབ་རྩོད་དང་བོད་ཀྱི་ངོ་བོ་་མུ་མཐུད་གནས་རྒྱུ་ཡིན་པ་ངོས་ལ་བརྒྱ་ཆ་བརྒྱ་ཡིད་ཆེས་ཡོད། འདས་པའི་མི་ལོ་༦༠་རིང་བོད་མིའི་དཀའ་ངལ་ཐོག་ལ་དོ་སྣང་དང་གདུང་སེམས་མཉམ་སྐྱེད་བྱེད་མཁན་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད། དེར་བརྟེན་བོད་མི་ཚོ་སེམས་ཤུགས་ཉམས་པ་མེད་པའི་ངང་གནས་པའི་ཐོག་བོད་ཀྱི་གནད་དོན་ཐད་ཕྱི་རྒྱལ་ཡུལ་གྲུ་ཁག་གིས་རྒྱབ་སྐྱོར་གང་མང་དགོས་གལ་ཆེ་བ་དང་། དེས་ཕན་ཐོག་ཆེན་པོ་ཡོང་གི་ཡོད་ཅེས་བཀའ་ཕེབས་ཡོད་པ་རེད།
ད་དུང་སྐབས་དེར་མགོན་པོ་གང་ཉིད་མཆོག་ལ་ཐུགས་བསྐྱེད་དམ་བཅའ་བཞི་ཡོད་པའི་ཁོངས་ནས་གསུམ་པའི་སྐོར་ངོ་སྤྲོད་གནང་བའི་སྐབས། ངོས་རང་བོད་མི་ཞིག་ཡིན་ལ། བོད་མི་ས་ཡ་དྲུག་གིས་ངོས་ལ་ཡིད་ཆེས་བློ་འགེལ་བྱེད་བཞིན་ཡོད་པར་བརྟེན། བོད་མི་ཡོངས་ཀྱི་འབྱུང་འགྱུར་མདུན་ལམ་ཐོག་ངོས་ལ་འགན་འཁྲི་ཆེན་པོ་ཡོད་ཅེས་དང་། ངོས་ཀྱི་དམ་བཅའ་བཞི་པ་དེ་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་དག་རྒྱ་གར་ནང་སྐྱར་གསོ་བྱེད་རྒྱུ་དེ་རེད། དེང་རབས་རྒྱ་གར་གྱིས་དེང་དུས་ཀྱི་ཤེས་ཡོན་དང་ཕྱིའི་དངོས་པོ་ཡར་རྒྱས་སོགས་ལ་དོ་སྣང་མང་བ་སྤྲོད་བཞིན་ཡོད་རེད། འོན་ཀྱང་དེ་གཅིག་པུ་ཡིས་མིའི་སེམས་ཁམས་ཞི་བདེ་ཡོང་བར་འདང་གི་མེད་པ་རེད། དེར་བརྟེན། སེམས་ཁམས་དང་སེམས་མྱོང་སོགས་དང་འབྲེལ་བའི་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་དག་རྒྱ་གར་ནང་དུ་ཤེས་ཡོན་གྱི་ལམ་ནས་ངེས་པར་དུ་སླར་གསོ་དགོས་གལ་ཆེ་ཞེས་བཀའ་གནང་ཡོད་པ་རེད།
མཐའ་མཇུག་ཏུ་༧གོང་ས་མཆོག་གིས། ཉེ་དུས་རྒྱ་ནག་གི་གནད་ཡོད་འགོ་ཁྲིད་འགའ་ཤིག་ནང་བོད་དོན་ཐད་དངོས་ཡོད་གནས་སྟངས་ལ་གཞིགས་ནས་བསམ་བློ་གཏོང་མཁན་ཡང་བྱུང་བཞིན་ཡོད་པ་རེད། དེར་བརྟེན་བོད་ཀྱི་གནད་དོན་ཐད་ལོ་གཉིས་གསུམ་རྗེས་སུ་འགྱུར་བ་འགྲོ་ཡི་རེད་བསམ་གྱི་འདུག འོན་ཀྱང་ངོས་ཀྱིས་རྒྱུན་དུ་ངོས་རང་རང་དབང་ལ་དགའ་པོ་ཡོད་ཞེས་བརྗོད་བཞིན་ཡོད། རྒྱ་གར་གྱི་རང་དབང་དེ་ངོས་ཀྱི་ལོངས་སུ་སྤྱོད་བཞིན་ཡོད་ལ། དབང་ཆ་གཅིག་སྡུད་ཀྱི་སྲིད་གཞུང་ལས་རང་དབང་ཅན་གྱི་རྒྱལ་ཁབ་ནང་དུ་གནས་སྡོད་བྱེད་རྒྱུའི་དགའ་མོས་ཆེ་བ་ཡོད། འོན་ཀྱང་ངོས་རང་རྒྱ་ནག་ཏུ་ཡོད་པའི་ནང་པའི་ལྟེ་གནས་ཁང་དེ་དག་ལ་གནས་མཇལ་དུ་འགྲོ་རྒྱུའི་འདུན་སེམས་ཡོད་ཅེས་བཀའ་ཕེབས་ཡོད་པ་རེད།
ཟླ་བ་འདིའི་སྤྱི་ཚེས་༠༣་ཉིན་རྒྱ་གར་རྡ་རམ་སཱ་ལའི་གངས་སྐྱིད་ཚོགས་ཁང་གསར་པའི་ནང་དུ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་འབྲེལ་མཐུད་པ་(R.K Khrimey)་ལགས་གཙོས་པའི་ཚོགས་མི་རྣམ་པ། དེ་བཞིན་རྒྱལ་ཁབ་འདྲ་མིན་༤༢་ཙམ་ནས་ཁྱོན་ཚོགས་བཅར་བ་༢༠༠་སྐོར་ཞིག་ལྷན་འཛོམས་ཀྱིས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་འགོ་འཛུགས་གནང་ཞིང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། ༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཐད་རྒྱ་ནག་གཞུང་ནས་ཐབས་བྱུས་ཅི་འདྲ་ཞིག་འདོན་བཞིན་ཡོད་ནའང་། དོན་དངོས་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་གཉིས་ནམ་ཡང་བྲལ་ཐབས་མེད་པ་ཞིག་རེད་ཅེས་དང་། བོད་རྒྱུད་ནང་བསྟན་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ནི་ཆོས་དད་རང་དབང་གི་གནད་དོན་ཞིག་ཡིན་ཞིང་། བོད་ཀྱི་སྲོལ་རྒྱུན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ལམ་ལུགས་དེ་ལོ་ངོ་༡༠༠༠་གོང་ལ་བོད་མི་རང་གིས་གསར་བཏོད་བྱས་ཏེ་བྱུང་བ་ཡིན་པས། ཉེ་ལམ་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་ཆེན་མོ་སྐུ་ཞབས་(Sam Brownback)་མཆོག་གིས་ཀྱང་། བོད་རྒྱུད་ནང་བསྟན་བླ་སྦྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་མེད་པར་བོད་མི་ཚོར་རང་དབང་དགོས་གལ་ཆེ་ཞེས་གསུངས་ཡོད་པ་དེ་ཨ་རིའི་གཞུང་གི་ཕྱི་སྲིད་ལྷན་ཁང་དང་། ཕོ་བྲང་དཀོར་པོ་གཉིས་ཀྱིས་ཀྱང་ངོས་ལེན་བྱས་ཏེ་བོད་མི་ཚོར་རྒྱབ་སྐྱོར་གནང་ཡོད་རེད་ཅེས་བརྗོད་ཡོད་པ་རེད།
ཡང་སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། ལོ་རྒྱུས་ཐོག་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཤིག་ཡིན་པ་མངོན་གསལ་རེད། འོན་ཀྱང་། དེ་སྔ་སྤྱི་ལོ་༢༠༠༨་ཀྱི་དམིགས་བསལ་ཚོགས་ཆེན་དང་། དེ་བཞིན་སྤྱི་༢༠༡༠ ལོར་མང་གཙོའི་ལམ་ལུགས་དང་མཐུན་པའི་ཐོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་གནང་བ་ཞིག་རེད། དེར་བརྟེན། ད་རེས་ངོས་ཀྱིས་ཚོགས་བཅར་ཡོངས་ལ་བོད་དོན་བདེན་མཐའ་མ་གསལ་བར་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
ཡང་སྐབས་དེར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་འབྲེལ་མཐུད་པ་སྐུ་ཞབས་(R.K Khrimey)་ལགས་ཀྱིས། ང་ཚོ་ཚང་མ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བྱིན་རླབས་འོག་ཕྱག་ལས་གནང་བཞིན་ཡོད་པའི་ཁར། མགོན་་པོ་གང་ཉིད་མཆོག་ནི་བྱམས་བརྩེ་དང་སྙིང་རྗེ་སོགས་ཀྱི་བདག་ཉིད་ཡིན་ཞིང་། བོད་ཀྱི་འཐབ་རྩོད་ནི་བདེན་པ་དང་བཅོས་མའི་དབར་གྱི་འཐབ་རྩོད་ཤིག་ཡིན་པ་མ་ཟད། འཚེ་བ་མེད་པ་དང་འཚེ་བ། བྱམས་བརྩེ་དང་སྡང་སེམས་སོགས་དབར་གྱི་འཐབ་རྩོད་ཤིག་རེད། དེར་བརྟེན། མཐའ་མའི་རྒྱལ་ཁ་དེ་བདེན་པ་ལ་ཐོབ་རྒྱུ་ཡིན་པ་ལོ་རྒྱུས་ཀྱིས་གསལ་སྟོན་བྱེད་ཐུབ་ཅེས་བརྗོད་ཡོད་པ་རེད།
ཐེངས་འདིའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོབ་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དེ་བོད་དོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་ཟླ་བ་འདིའི་སྤྱི་ཚེས་༠༣ ཉིན་འགོ་འཛུགས་ཀྱིས། སྤྱི་ཚེས་༥ བར་ཉིན་གྲངས་གསུམ་གྱི་རིང་འཚོགས་རྒྱུ་ཡིན་པ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།