ཆོས་ལ་དད་པ་ཙམ་གྱིས་མི་འདང་བར་བརྟག་དཔྱད་བྱེད་གལ་ཆེ། ༧གོང་ས་མཆོག་གིས།

2019-09-06
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་ཨེ་ཤེ་ཡའི་དད་ལྡན་པ་ཚོར་བཞུགས་སྒར་ནས་ཆོས་འབྲེལ་སྐབས། ༢༠༡༩།༩།༥
༧གོང་ས་མཆོག་གིས་ཨེ་ཤེ་ཡའི་དད་ལྡན་པ་ཚོར་བཞུགས་སྒར་ནས་ཆོས་འབྲེལ་སྐབས། ༢༠༡༩།༩།༥
OHHDL

མ་རིག་པའི་བློ་ནི་ལོག་ཤེས་སམ་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་ཡིན་པར་བརྟེན་དེ་བརྒྱུད་ནས་ཆགས་སྡང་དང་སྡུག་བསྔལ་ཡོང་གི་ཡོད་པ་༧གོང་ས་མཆོག་གིས་བཀའ་སྩལ་འདུག
མ་རིག་པའི་བློ་ནི་ལོག་ཤེས་སམ་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་ཡིན་པར་བརྟེན་དེ་བརྒྱུད་ནས་ཆགས་སྡང་དང་སྡུག་བསྔལ་ཡོང་གི་ཡོད་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་དད་ལྡན་ཆོས་ཞུ་བ་རྣམས་ལ་གསུངས་ཆོས་ཉིན་མཐའ་མར་བཀའ་གནང་ཡོད་པ་རེད།
ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཚོགས་སྡེ་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཟླ་བ་འདིའི་སྤྱི་ཚེས་༦་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུང་ཆོས་ཉིན་མཐའ་མའི་སྐབས། རྒྱུན་དུ་བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློ་ཇི་ཙམ་གྱིས་ཉམས་ལེན་བྱས་ཚེ། དེ་ཙམ་གྱིས་བློའི་ནུས་པ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། མ་རིག་པའི་བློ་ནི་ལོག་ཤེས་སམ་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་ཡིན་པར་བརྟེན་དེ་བརྒྱུད་ནས་ཆགས་སྡང་དང་སྡུག་བསྔལ་ཡོང་གི་ཡོད་པ་བཀའ་སྩལ་ཡོད།
ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཆོས་ལ་དད་པ་བྱེད་པ་ཙམ་གྱི་འདང་གི་མེད་པར་ངེས་པར་དུ་བརྟག་དཔྱད་བྱེད་རྒྱུ་གལ་ཆེན་ཡིན་ཞིང་། བླ་མའི་ཆོས་གསུངས་བ་ཙམ་གྱི་རྗེས་སུ་མི་འབྲང་པར་དེར་རྒྱུ་མཚན་དང་དགོས་པ་ག་རེ་ཡོད་མེད་སོགས་བརྟག་དཔྱད་བྱ་རྒྱུ་གལ་ཆེན་ཡིན་པ་བཀའ་གནང་བ་དང་འབྲེལ། ༧རྒྱལ་བ་ལྔ་པ་ཆེན་པོ་མཆོག་གིས་དོལ་རྒྱལ་བསྟེན་པ་ཡིན་ན་འགྲོ་བ་སྤྱིར་གནོད་ཀྱི་ཡོད་པའི་སྐོར་ལམ་སྟོན་མཛད་པ་ལྟར། ངོས་ཀྱིས་ཀྱང་བརྟག་དཔྱད་ནན་པོ་བྱས་དེ་མཚམས་འཇོག་བྱས་པ་ཡིན་ཞེས་གསུངས་ཡོད།
ཐེངས་འདིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ལ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་༧༠༠༠་ལྷག་ཆེད་ཕེབས་གནང་ཡོད་པ་དང་། རོ་མ་ནེ་ཡའི་(Romania)་རྒྱལ་ཁབ་ནས་ཡིན་པའི་ཡེ་ཤུ་ཆོས་ལུགས་ཀྱིས་རྗེས་འབྲང་པ་(Mihaela)་ལགས་ཀྱིས་སོ་སོ་རང་ཉིད་ཀྱི་ཆོས་ལུགས་ག་རེད་ཡིན་མིན་ལ་མ་བལྟོས་པར་༧གོང་ས་མཆོག་གི་གསུང་ཆོས་ཞུས་པ་ཡིན། རྒྱུ་མཚན་ནི་༧གོང་ས་མཆོག་གི་བཀའ་ཆོས་ནི་བྱམས་བརྕེ་དང་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད། འཛམ་གླིང་ནང་ཆོས་ལུགས་ཆེ་ཁག་ཚང་མའི་ནང་བྱམས་བརྩེ་སྐོར་བཤད་ཀྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ཟེར།
ཡང་སྐབས་དེར་ཝི་དི་ནམ་རྒྱལ་ཁབ་ནས་ཡིན་པའི་(James)་ཟེར་བའི་ན་གཞོན་ཞིག་གིས། ཐེངས་འདིའི་༧གོང་ས་མཆོག་གི་གསུང་ཆོས་སྐབས་མི་གཞན་ལ་རོགས་རམ་བྱས་ནས་་མི་བཟང་པོ་ཞིག་ཇི་ལྟར་བྱེད་དགོས་པའི་སྐོར་ཤེས་རྟོགས་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག
ད་ཐེངས་ཉིན་གསུམ་རིང་གི་གསུང་ཆོས་ཀྱི་མཐའ་མཇུག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་སེམས་བསྐྱེད་ཀྱི་སྡོམ་པ་བསྩལ་ཡོད་ཅིང་། གསུང་ཆོས་དེ་བཞིན་ཝིཡེཏ་ནམ་དང་། ཧིན་རྡི། ཉི་ཧོང་། ཀོ་རི་ཡ་དང་སི་པན། འཇར་མན། ཨི་ཊ་ལི། རུ་སུ། དབྱིན་སྐད་བཅས་ཀྱི་ནང་ཐད་བསྒྱུར་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།