༧གོང་ས་མཆོག་གིས་ཨེ་ཤེ་ཡའི་དད་ལྡན་པ་ཚོར་བཞུགས་སྒར་ནས་ཆོས་འབྲེལ།

2019-09-04
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་ཨེ་ཤེ་ཡའི་དད་ལྡན་པ་ཚོར་བཞུགས་སྒར་ནས་ཆོས་འབྲེལ་སྐབས། ༢༠༡༩།༩།༤
༧གོང་ས་མཆོག་གིས་ཨེ་ཤེ་ཡའི་དད་ལྡན་པ་ཚོར་བཞུགས་སྒར་ནས་ཆོས་འབྲེལ་སྐབས། ༢༠༡༩།༩།༤
OHHDL

བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་སྲུང་སྐྱོབ་བྱ་རྒྱུ་ནི་ནང་པ་སྤྱི་དང་འཛམ་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་རེད་ཅེས་༧གོང་ས་མཆོག་གིས་བཀའ་སྩལ་འདུག
ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཚོགས་སྡེ་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གིས་འཕགས་པའི་བདེན་པ་བཞི་དང་།  བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་ཉིན་གསུམ་རིང་གནང་གི་ཡོད་པ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ཟླ་༩་པའི་ཚེས་༤་ཉིན་ནས་འགོ་འཛུགས་གནང་སོང་ལ། སྐབས་འདིར་༧གོང་ས་མཆོག་གིས་འཛམ་གླིང་ཡུལ་གྲུ་ཁག་༦༧་ནས་ཡོང་བའི་ཆོས་ཞུ་བ་ལྔ་སྟོང་བརྒལ་བར། འཚམས་འདྲི་དགའ་བསུ་དང་བཅས་ཏེ་ནང་ཆོས་ནི་ཨེ་ཤེ་ཡའི་ཡུལ་ཁག་ཏུ་ཕ་མེས་ནས་དར་ཡོད་པ་སོགས་ངོ་སྤྲོད་དང་འབྲེལ། འཛམ་གླིང་འདིར་ཆོས་ལུགས་ཁག་ལ་ལྟ་གྲུབ་མི་འདྲ་བར་ཡོད་ནའང་ཆོས་ལུགས་དེ་ཚོའི་བསླབ་བྱ་གཙོ་བོ་ནི་བྱམས་བརྩེ་དང་།  བཟོད་པ་ཆོག་ཤེས། རང་ཁྲིམས་རང་སྲུང་ཡིན་པ་སོགས་ལམ་སྟོན་གནང་བ་བརྒྱུད། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་སྲུང་སྐྱོབ་བྱ་རྒྱུ་ནི། བོད་པ་གཅིག་པུའི་སྐད་ཆ་མིན་པར། ནང་པ་སྤྱི་དང་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་རེད་ཅེས་བཀའ་གནང་ཡོད།
ད་དུང་༧གོང་ས་མཆོག་གིས། རིམ་པ་དང་པོ་ཁོང་གིས་འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུ་དེ། སེམས་བཟང་པོ་དང་ཕན་ཚུན་ལ་བརྩེ་བ་ཡོང་ཐབས་སུ་འབད་བརྩོན་གནང་གི་ཡོད་པ་དང་། དེ་ནས་འཛམ་གླིང་འདིར་ཆོས་ལུགས་ཕན་ཚུན་དབར་རྙོག་དྲ་ཧ་ཅང་མང་པོ་ཡོང་གི་ཡོད་པས། ཆོས་ལུགས་ཁག་མཐུན་སྒྲིལ་ཡག་པོ་བྱུང་ན་རྙོག་དྲ་མང་པོ་ཉུང་དུ་འགྲོ་ངེས་ཅན་ཡིན་པས། ཆོས་ལུགས་མཐུན་སྒྲིལ་ལ་འབད་བརྩོན་གནང་གི་ཡོད་པ།
ལས་འགན་གསུམ་པ་ནི་བོད་རྒྱ་ཆེའི་མི་མང་གིས་ཁོང་ལ་རེ་བ་བརྒྱབས་ཏེ་བློས་འཁེལ་གྱི་ཡོད་པས། བོད་དོན་ཐོག་ཁོང་ལ་ཐུགས་འགན་ཡོད་པ་དང་། ཆབ་སྲིད་ཀྱི་ལས་ཀ་ཁོང་གིས་བཞག་ཚར་ནའང་ཆོས་ཕྱོགས་ཀྱི་ལས་འགན་དང་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་གལ་ཆེན་དུ་གཟིགས་ཀྱི་ཡོད་པ་སོགས་བཀའ་ཕེབས་ཡོད།
ཆོས་ཞུ་བའི་ཁྲོད་ནས་ཝེ་ཏི་ནམ་རྒྱལ་ཁབ་ཀྱི་ཕོ་གཞོན་ནེ་མེན་ཇོང་གིས། ལོ་མང་སྔོན་ནས་བཟུང་གོང་ས་༧རྒྱལ་བ་རིན་པོ་ཆེའི་སྐོར་ཤེས་ཐབས་མང་པོ་གནང་བ་དང་། དྲ་ལམ་དང་གྲོགས་པོ་ཚོ་བཅས་བརྒྱུད་རྒྱུས་ལོན་མང་པོ་ཞིག་ཐུབ་པ་མ་ཟད། ད་ལམ་ཁོང་གི་མདུན་དུ་གསུང་ཆོས་དངོས་སུ་ཞུ་རྒྱུ་བྱུང་བ་དེས། རྨི་ལམ་མངོན་གྱུར་གྱི་སེམས་ནང་དགའ་སྤྲོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཝིཡེཏ་ནམ། ཧིན་རྡི། ཉི་ཧོང་། ཀོ་རི་ཡ་དང་སི་པན། འཇར་མན། ཨི་ཊ་ལི། རུ་སུ། དབྱིན་སྐད་བཅས་ཀྱི་ནང་ཐད་བསྒྱུར་གནང་བཞིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།