དྲ་ལམ་བརྒྱུད་དབང་ཐོབ་མིན་ཐད་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བཤད་གནང་།

2020-05-29
གློག་འཕྲིན།
མཆན།
Share
པར་བཀོད།
དྲ་ལམ་བརྒྱུད་དབང་ཐོབ་མིན་ཐད་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གསལ་བཤད།
དྲ་ལམ་བརྒྱུད་དབང་ཐོབ་མིན་ཐད་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གསལ་བཤད།
OHHDL

རྡོ་རྗེ་སློབ་དཔོན་དང་སློབ་མ་མཚན་ཉིད་ཚང་བ་གཞིར་བཅས་ཏེ་དབང་བརྡ་འཕྲོད་ངེས་སུ་བསྐུར་ན་དྲ་ལམ་ནས་དབང་ཐོབ་ཀྱི་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བཤད་གནང་འདུག
རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་དབང་གིས་འཛམ་གླིང་གི་ས་ཕྱོགས་མང་པོ་ཞིག་འགྲོ་བསྐྱོད་བཀག་སྡོམ་དང་། སྤྱི་ཚོགས་རྒྱང་བཀྱེད་དང་ཁྱིམ་སྡོད་བཀའ་རྒྱའི་འོག་གནས་བཞིན་པའི་སྐབས་འདིར། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་གནང་གི་ཡོད་པར་བརྟེན། དྲ་ལམ་བརྒྱུད་ནས་དབང་གནང་ན་དབང་བསྐུར་ཐོབ་ཀྱི་ཡོད་མེད་ཐོག་དོགས་གཞི་ཡོད་པ་ཚོར་ཆེད་དམིགས། དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བཤད་ཅིག་སྤྱི་ཟླ་༥་པའི་ཚེས་༢༩་ཉིན་སྤེལ་ཡོད་པ་དང་། གསལ་བཤད་དེ་འདོན་དགོས་པའི་རྒྱབ་ལྗོངས་ཡིག་ཆ་དེའི་ནང་འཁོད་དོན་ལྟར་ན། བར་སྐབས་འཇིག་རྟེན་ཁྱོན་ཡོངས་སུ་རིམས་ནད་ཀྱི་དབང་གིས་འདུ་འཛོམས་བྱེད་ཐབས་མེད་སྟབས་དད་ལྡན་མང་པོས་དྲ་ལམ་བརྒྱུད། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་དང་། འཕགས་མཆོག་ཐུགས་རྗེ་ཆེན་པོའི་བཀའ་དབང་གནང་སྩོལ་ཡོང་བའི་གསོལ་འདེབས་ནན་ཞུའི་ངོར་ཞལ་བཞེས་བཀའ་དྲིན་ཐོབ་པ་དེ་ལྟར་ཡང་། དྲ་ལམ་ནས་དབང་བསྐུར་ཐོབ་མིན་དང་། བརྒྱུད་པར་སེལ་ཞུགས་མིན། གསང་སྔགས་ཁྲོམ་བསྒྲགས་རུང་མིན་སོགས་དོགས་འདྲི་སྣ་ཚོགས་ཤིག་འདུག་པར་གསལ་བཤད་མདོར་བསྡུས་ཤིག་ཞུ་རྒྱུར་ཅེས་འཁོད་ཡོད་ཅིང་།
དྲ་ལམ་ནས་ཆོས་བཀའ་སྩལ་པའི་རིགས་ཐོབ་མིན་ཐད་དོགས་པ་མི་དགོས་པའི་སྐོར་ལ། སྤྱིར་གནའ་བོའི་དུས་སུ་མིག་དང་རྣ་བའི་མངོན་ཤེས་ཐོབ་པའི་གང་ཟག་རྣམས་ཀྱིས་གྲངས་མེད་འཇིག་རྟེན་ཁམས་ཀྱི་ཕ་རོལ་ནས་ཆོས་འཆད་ཉན་དང་། དེ་ལ་བརྟེན་ནས་ས་ལམ་གྱི་འབྲས་བུ་བརྙེས་པའི་བྱུང་བ་མདོ་ལས་གསལ་བར་གསུངས་པ་དེ་དག་སྒྲ་ཇི་བཞིན་པར་ཀུན་གྱིས་འདོད་བཞིན་པ་ལྟར། དེང་རབས་འཕྲུལ་ལས་དྲ་རྒྱ་དང་བརྙན་འཕྲིན་སོགས་ཀྱང་རང་བྱུང་འབྱུང་ཁམས་ལ་གནས་པའི་རྫས་ནུས་སྦྱོར་སྤྱད་ལས་བྱུང་བས། དེ་ལ་བརྟེན་པའི་མཐོང་ཐོས་ཀྱི་ཤེས་པའང་བསླུ་མེད་ཚད་མའི་བློར་འདོད་པ་ལ་སྐྱོན་གང་ཡང་མེད་པས། དྲ་ལམ་བརྒྱུད་ཆོས་བཀའ་སྩལ་རིགས་སློབ་མས་ཐོབ་མིན་ལ་དོགས་པ་བྱེད་དགོས་མ་མཆིས་ཞེས་འཁོད་ཡོད་པ་མ་ཟད།
ཡང་ཁྲོམ་དབང་གནང་སྲོལ་ཡོད་པའི་སྐོར་ལ། སྔགས་ཀྱི་ཐེག་པར་ཆོས་ཀྱི་ཆེ་བ་འདོན་སླད། སྐབས་རེར་སློབ་མའི་གྲངས་བཅད་གནང་བ་དང་། ཡང་སྐབས་རེར་ཁྲོམ་དབང་གི་ཕྱག་སྲོལ་སྔར་ནས་ཡོད་དེ། ཤམ་བྷ་ལར་དུས་ཀྱི་འཁོར་ལོ་ཁྲོམ་ཆོས་སུ་གནང་བ་དང་། སློབ་དཔོན་རིན་པོ་ཆེས་ཨོ་རྒྱན་ཡུལ་གྱི་རྒྱལ་འབངས་ཀུན་བཏུལ་ནས་བཀའ་དབང་ཁྲོམ་ཆོས་སུ་མཛད་པ། འཇིགས་མེད་གླིང་པ་དང་། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། གཏེར་བདག་གླིང་པ་སོགས་ཚད་ཐུབ་དུ་མས་ཁྲོམ་དབང་བསྐུར་པ་རང་རང་གི་རྣམ་ཐར་དུ་གསལ། གྲངས་ཚད་ཙམ་གྱིས་དབང་བསྐུར་ཆོག་མིན་གྱི་ས་མཚམས་འཛིན་ན། རྒྱུད་སྨིན་པའི་སློབ་མ་ཚད་ལྡན་སྟོང་ཕྲག་སོགས་དུས་གཅིག་ཏུ་འབྱུང་མི་ཆོག་པའམ་བྱུང་ཡང་དེ་དག་གི་དོན་བྱ་མི་རུང་བར་འགྱུར་བས་སྟོན་པའི་དགོངས་པ་དེ་ལྟ་བུའི་གུ་དོག་ཅན་ཞིག་ག་ལ་རིགས། རྡོ་རྗེ་སློབ་དཔོན་དང་སློབ་མ་མཚན་ཉིད་ཚང་བའི་ཐོག་དབང་བརྡ་ལེགས་པར་འཕྲོད་ན། དྲ་ལམ་ནས་དབང་ཐོབ་ཀྱི་ཡོད་པའི་སྐོར་ལ་ནི། མདོར་ན། རྡོ་རྗེ་སློབ་དཔོན་དང་སློབ་མ་མཚན་ཉིད་ཚང་བ་གཞིར་བཅས། དྲ་ལམ་ནས་སྐུ་མངོན་སུམ་པ་ལྟ་བུའི་མདུན་དུ། སློབ་དཔོན་གྱིས་རང་གི་དམིགས་འོག་ཏུ་བཅུག་པའི་སློབ་མ་དད་ཅན་རྣམས་ལ་དབང་བརྡ་འཕྲོད་ངེས་སུ་བསྐུར་ན། དབང་བསྐུར་པར་ཐོབ་སྟེ་དབང་གི་དགོས་པ་དེས་རྫོགས་པས་སོ། དེ་ལྟ་བུའི་སྒོ་ནས་དབང་ཞུ་ན་དྲ་ལམ་ནས་ཀྱང་བརྒྱུད་པ་ཚད་ལྡན་ཐོབ་ངེས་ཏེ། རྨི་ལམ་གྱི་སྣང་བའམ་དག་སྣང་དུ་བྱུང་བའི་བྱིན་རླབས་ཉེ་བརྒྱུད་ཀྱི་ཆོས་ཚན་དང་། ལོ་ངོ་བརྒྱ་ཕྲག་དུ་མའི་རྗེས་གཏེར་ནས་བཏོན་པའི་ཆོས་རྣམས་ལའང་ཆོས་མགོ་སྟོན་པ་ལ་ཐུག་པའི་བརྒྱུད་པ་ཚད་མར་གྱུར་པ་ཀུན་གྱིས་ཁས་ལེན་གནང་བཞིན་པ་ཡིན་པས་དྭོགས་གཞིར་བྱ་དགོས་མ་མཆིས་སོ། ཞེས་སོགས་གསལ་བཤད་ཕེབས་ཡོད་པ་རེད།


མཆན། (0)
Share
དྲ་གནས་ཆ་ཚང༌།