བྱམས་བརྩེ་མེད་ན་བདེ་སྐྱིད་ལྡན་པའི་ཁོར་ཡུག་ཤིག་ཡོང་ཐབས་མེད། ༧གོང་ས་མཆོག་གིས།

2020-05-29
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་ཐུགས་རྗེ་ཆེན་པོའི་བཀའ་དབང་སྔོན་འགྲོ་སྩལ་སྐབས། ༢༠༢༠།༥།༢༩
༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་ཐུགས་རྗེ་ཆེན་པོའི་བཀའ་དབང་སྔོན་འགྲོ་སྩལ་སྐབས། ༢༠༢༠།༥།༢༩
OHHDL

འགྲོ་བ་མིས་བཟོས་པའི་སྡུག་བསྔལ་མང་པོ་ཞིག་ང་རྒྱལ་དང་ཕྲག་དོག་སོགས་ཀྱི་དབང་གིས་ཡོང་གི་ཡོད་པ་༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་ཐུགས་རྗེ་ཆེན་པོའི་བཀའ་དབང་གི་སྟ་གོན་སྐབས་བཀའ་གནང་སོང་།
འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་དད་ལྡན་མང་ཚོགས་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་༢༩་རེས་གཟའ་པ་སངས་ཉིན། བཞུགས་སྒར་རྡ་རམ་སཱ་ལའི་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་བརྒྱུད་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་དབང་ཆེན་གྱི་སྔོན་འགྲོ་སྟ་གོན་གྱི་རིམ་པ་མཛད་སྐབས། བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་དེང་སྐབས་ཚན་རིག་པ་ཚོས་ཀྱང་གསུངས་ཀྱི་ཡོད་ཅིང་། བྱམས་བརྩེ་ཟེར་བ་དེ་ཆོས་ཀྱི་སྐད་ཆ་མིན་པར་སྲོག་ཆགས་ཚང་མ་བྱམས་བརྩེར་བརྟེན་ནས་འཚོ་བཞིན་ཡོད་པ་དང་། བྱམས་བརྩེ་མེད་ན་བདེ་སྐྱིད་ལྡན་པའི་ཁོར་ཡུག་ཤིག་ཡོང་ཐབས་མེད་པ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད།  ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཇིག་རྟེན་འདིའི་ནང་འགྲོ་བ་མིས་བཟོས་པའི་སྡུག་བསྔལ་མང་པོ་ཞིག་ང་རྒྱལ་དང་ཕྲག་དོག་སོགས་ཀྱི་དབང་དང་། རང་ལ་གཅེས་འཛིན་གཞན་ཡལ་བར་དོར་བའི་བསམ་བློ་དང་བྱ་སྤྱོད་ཀྱི་ཐོག་ནས་ཡོང་གི་ཡོད་པ་གནང་ཡོད་པ་རེད།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀའ་དབང་གྱི་སྔོན་འགྲོ་སྟ་གོན་རིམ་པ་ཁག་སྩལ་གནང་སྐབས། ཁྱིམ་པ་ཕོ་མོ་རྣམས་ལ་དགེ་བསྙེན་གྱི་སྡོམ་པ་སྩལ་བ་དང་། དེ་རྗེས་དབང་ཞུ་བའི་ཆེད་ངེས་པར་བླངས་དགོས་པ་བྱང་ཆུབ་སེམས་པའི་སྡོམ་པ་བོག་ཆོག་མཛད་ཡོད་པ་རེད།  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཐོ་རེངས་སྐུ་བཞེངས་གནང་མ་ཐག་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་དགོངས་པ་ཡང་ཡང་བཞེས་བཞིན་ཡོད་པ་བཀའ་གནང་ཞིང་། བྱང་ཆུབ་ཀྱི་སེམས་སྒོམ་པ་ཡིན་ན། སེམས་སྐྱིད་ཤིང་། བག་ཕེབས་པ། ལུས་བདེ་བ་སོགས་ཡོང་རྒྱུ་ཡིན་པ་དང་། ཡང་བདག་མེད་པའི་ལྟ་བའམ། བདག་འཛིན་གྱི་སྒོ་མ་ལུས་པ་འགོག་པར་བྱེད་པའི་དངོས་པོ་རྣམས་ཀྱི་གནས་ལུགས་མཐར་ཐུག་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་ཀྱི་དོན་ལ་ཡང་ཡང་བསམ་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད།
ཡང་རྒྱུན་དུ་༧གོང་ས་མཆོག་ནས་གང་ཉིད་ལ་ཐུགས་བསྐྱེད་དམ་བཅའ་བཞི་ཡོད་པའི་ནང་ནས། གསུམ་པ་དེ་བོད་ཀྱི་ཆོས་རིག་གཞུང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་། བོད་མིའི་བདེ་སྐྱིད་ཆེད་དུ་གང་ཐུབ་ཀྱིས་ཕན་ཐོགས་སྒྲུབ་རྒྱུ་དེ་ཡིན་པ་བཀའ་གནང་གི་ཡོད་པ་ལྟར། ད་རེས་སླར་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བོད་རྒྱ་ཆེན་མི་དམངས་དང་ངོས་ཀྱི་བར་ལ་ལས་དང་སྨོན་ལམ་གྱི་འབྲེལ་བ་ཟབ་མོ་ཡོད་རེད་ལ། ཚང་མས་ངོས་ལ་ཡིད་ཆེས་དང་རེ་བ་བཅངས་པ་གཞིར་བཟུང་གང་ཐུབ་ཀྱིས་བོད་སྤྱིར་ཕན་ཐོགས་སྒྲུབ་རྒྱུ་ནི་ངོས་ཀྱི་འོས་འགན་རེད་ཅེས་བཀའ་ཕེབས་ཡོད།
ད་རེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཆོས་སྩལ་བ་དེ་བཞིན་ངོ་དེབ་ལ་སོགས་པའི་སྤྱི་ཚོགས་དྲ་ལམ་བརྒྱུད་འཛམ་གླིང་གང་ས་ནས་མི་གྲངས་ས་ཡ་གཅིག་དང་འབུམ་བདུན་ལྷག་གིས་གསན་གཟིགས་གནང་ཡོད་པ་དགའ་ལྡན་ཕོ་ཡིག་ཚང་གི་འབྲེལ་ལས་བྱེད་ཤིག་གིས་འདི་གའི་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་སོང་ལ། བཀའ་ཆོས་དེ་བཞིན་རྒྱ་སྐད། ཧིན་སྐད། ར་ཤཱི་ཡའི་སྐད། སོག་སྐད། ཀོ་རི་ཡའི་སྐད། ཉི་ཧོང་སོགས་སྐད་ཡིག་མི་འདྲ་བ་བཅུ་གསུམ་ཐོག་གསུང་བསྒྱུར་ཞུས་འདུག  ས་ག་ཟླ་བའི་ཚེས་ ༨ ཕྱི་ཟླ་ ༥ ཚེས་༣༠་ཉིན་གྱི་སྔ་དྲོའི་རྒྱ་གར་གྱི་ཞོགས་པའི་ཆུ་ཚོད་དགུ་པའི་ཐོག་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་བཀའ་དབང་དངོས་གཞི་དེ་བཀའ་དྲིན་སྩལ་གནང་མཛད་རྒྱུ་ཡིན་པ་རེད། ཞིབ་ཕྲ་དགའ་ལྡན་ཕོ་བྲང་གི་དྲ་རྒྱ་ www.dalailama.com གྱི་ཐོག་གཟིགས་ཐུབ་ཀྱི་ཡོད་པ་རེད།


མཆན། (0)
Share
དྲ་གནས་ཆ་ཚང༌།