འཛམ་གླིང་འདིར་དཀའ་ངལ་གྱི་སྐབས་རྒྱ་གར་ལ་ཞབས་འདེགས་བསྒྲུབ་རྒྱུའི་ནུས་པ་དང་གོ་སྐབས་ཡོད། ༧གོང་ས་མཆོག་གིས།

2020-10-26
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བྱམས་སྙིང་རྗེ་དང་། འཚེ་མེད་ཞི་བའི་བརྗོད་གཞི་དང་འབྲེལ་ནས་བཀའ་སློབ་སྩལ་སྐབས། ༡༠།༢༦།༢༠༢༠
༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བྱམས་སྙིང་རྗེ་དང་། འཚེ་མེད་ཞི་བའི་བརྗོད་གཞི་དང་འབྲེལ་ནས་བཀའ་སློབ་སྩལ་སྐབས། ༡༠།༢༦།༢༠༢༠
OHHDL

འཛམ་གླིང་ནང་དཀའ་ངལ་མང་པོ་འཕྲད་བཞིན་པའི་ཛ་དྲག་གི་སྐབས་འདིར་རྒྱ་གར་གྱི་ངོས་ནས་གནའ་བོའི་ཤེས་ཡོན་དང་དེང་དུས་ཤེས་ཡོན་ཟུང་འབྲེལ་གྱི་ཐོག་ནས་ཞབས་འདེགས་བསྒྲུབ་རྒྱུའི་ནུས་པ་དང་གོ་སྐབས་ཡོད་པ་༧གོང་ས་མཆོག་གིས་བཀའ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དང་། ༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་དགེ་རྩ་ཚོགས་པ་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། འདི་ཚེས་༢༦ཉིན་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད། རྒྱ་གར་གྱི་དཔལ་ནཱ་ལེནྜའི་རིག་གཞུང་གཞི་ལ་བཞག་པའི་བྱམས་སྙིང་རྗེ་དང་། འཚེ་མེད་ཞི་བའི་བརྗོད་གཞི་དང་འབྲེལ་ནས་བཀའ་སློབ་སྩལ་སྐབས། དེང་གི་འཛམ་གླིང་འདིའི་ནང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པ་ནི་སེམས་མྱོང་གི་ཐོག་ནས་ཡོང་གི་ཡོད་པ་བཀའ་གནང་ཞིང་། སེམས་མྱོང་སྟངས་འཛིན་བྱེད་སྟངས་སྐོར་ལ་ལོ་ངོ་༢༥༠༠གོང་གི་རྒྱ་གར་གྱི་གནའ་བོའི་སེམས་ཁམས་ཤེས་ཡོན་གྱི་ཧ་ཅང་གསལ་པོ་ཡོད་པ་བཀའ་གནང་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་མཆོག་གིས་སེམས་ཀྱི་དཀའ་ངལ་ཁག་ནི་སེམས་ཁམས་འཕྲོད་བསྟེན་མ་བྱས་པའི་དབང་གིས་ཡོང་བཞིན་ཡོད་པར་བརྟེན། ལུས་པོའི་འཕྲོད་བསྟེན་གལ་ཆེན་པོ་ཡིན་པ་བཞིན་སེམས་ཁམས་འཕྲོད་བསྟེན་དེ་གལ་ཆེན་པོ་ཆགས་ཡོད་པ་དང་། སེམས་ཁམས་ཀྱི་དཀའ་ངལ་དེ་དག་ཀྱང་རང་གཅེས་འཛིན་དང་གཞན་ཡལ་བར་དོར་བའི་བསམ་བློའི་དབང་གིས་ཡོང་གི་ཡོད་པར་བརྟེན། གཞན་ཕན་གྱི་བསམ་བློ་དང་འགྲོ་བ་མི་གཅིག་འགྱུར་འདུ་ཤེས་གོང་མཐོར་གཏོང་རྒྱུའི་ཐད་འབད་བརྩོན་བྱེད་པ་ཡིན་ན་སེམས་ཀྱི་འཕྲོད་བསྟེན་ལ་ཕན་ཐོག་ཆེན་པོ་ཡོང་རྒྱུ་ཡིན་པ་ནན་ཏན་བཀའ་སློབ་ཕེབས་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཚན་རིག་པ་ཚོས་ཕྱི་དངོས་པོའི་གནས་ལུགས་ལ་བརྟད་དཔྱད་བྱེད་རྒྱུའི་ཐབས་ལམ་ཧ་ལས་པའི་ཚད་མཐོ་པོ་ཡོད་ན་ཡང་། ནང་སེམས་ཁམས་དང་འབྲེལ་བའི་ཐད་བརྟད་དཔྱད་ཀྱི་ཐབས་ལ་ད་དུང་ཡང་མི་འདང་བ་ཡོད་པར་བརྟེན། རྒྱ་གར་གྱི་གནའ་བོའི་རིག་གཞུང་གནང་གསལ་བའི་སེམས་ཁམས་འཕྲོད་བསྟེན་གྱི་གནས་ལུགས་ཁག་ནི་འགྲན་ཟླ་བྲལ་བ་ཡིན་པ་བཀའ་གནང་ཡོད་པ་རེད། དེར་བརྟེན་འཛམ་གླིང་ནང་དཀའ་ངལ་འདྲ་མིན་འཕྲད་བཞིན་པའི་སྐབས་འདིར་རྒྱ་གར་གྱི་ངོས་ནས་དེང་དུས་ཤེས་ཡོན་དང་གནའ་བོའི་ཤེས་ཡོན་ཟུང་དུ་འབྲེལ་བའི་ཐོག་ནས་འཛམ་གླིང་འདི་ལ་ཞབས་འདེགས་བསྒྲུབ་ཐུབ་པའི་ནུས་པ་དང་གོ་སྐབས་གཉིས་ཀ་ཡོད་ཅེས་བཀའ་གནང་ཡོད་པ་རེད།
༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བྱམས་སྙིང་རྗེ་དང་། འཚེ་མེད་ཞི་བའི་བརྗོད་གཞི་དང་འབྲེལ་ནས་བཀའ་སློབ་སྩལ་སྐབས། ༡༠།༢༦།༢༠༢༠
དྲ་ཐོག་བགྲོ་གླེང་དེའི་ཐོག་རྒྱ་གར་གྱི་གཞུང་ཞབས་ཟུར་པ་དང་མི་རིགས་ཀྱི་ཐོབ་ཐང་ལས་འགུལ་བ་ཁག་གཅིག་མཉམ་ཞུགས་གནང་ཡོད་ཅིང་། དེའི་ཁྲོད་ནས་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་(Shiv Shankar Menon)ལགས་ཀྱིས། དེང་གི་དུས་འདིར་བྱམས་སྙིང་རྗེ་དང་། འཚེ་མེད་ཞི་བའི་བསླབ་བྱ་ཁག་ཆབ་སྲིད་ཁོར་ཡུག་ནང་ཉམས་ལེན་བྱེད་ཕྱོགས་ཀྱི་ཐབས་ལམ་དགོངས་སྐོར་ཞུས་པར། ༧གོང་ས་མཆོག་གིས། འཛམ་གླིང་འདིའི་ནང་ཤེས་ཡོན་ཅན་དང་ཚན་རིག་པ་སོགས་མི་སྣ་མང་པོ་ཞིག་གིས། ད་ལྟའི་དུས་འདིར་ང་ཚོ་དང་ཁྱེད་ཚོ། ངའི་ཆོས་ལུགས་ཞེས་འགྲོ་བ་མི་སྤྱི་ཡོངས་ལ་བསམ་བློ་མ་བཏང་བའི་སྐྱོན་གནད་འདི་ལ་ཞེན་པ་ལོག་ནས་ཐབས་ལམ་གསར་པ་ཞིག་འཚོལ་བཞིན་ཡོད་པ་བཀའ་གནང་པ་དང་། རྒྱ་གར་ལ་དེའི་ཐད་ཐབས་ལམ་སྟོན་རྒྱུའི་ནུས་པ་ཡོད་པ་བཀའ་སྩལ་གནང་སོང་།
དེ་ནས་བེུད་དང་བྱིས་པའི་རང་དབང་འཐབ་རྩོད་པ་བེུད་རྩོམ་པ་པོ་(Syeda Saiyidain Hameed)ལགས་ཀྱིས། དེང་སང་འཛམ་གླིང་ནང་ཁ་ཆེ་ཚོ་དྲག་སྤྱོད་རིང་ལུགས་པར་ལྟ་ཚུལ་ཡོད་པ་དེའི་ཐད་ནས་ཁ་ཆེ་ཚོས་མ་འོངས་མདུན་སྐྱོད་གང་འདྲ་ཞིག་བྱེད་དགོས་མིན་བཀའ་འདྲི་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དྲག་སྤྱོད་རིང་ལུགས་ཟེར་བ་དེ་མི་སྒེར་གྱི་སྤྱོད་ཚུལ་ཞིག་ཡིན་པ་དང་། དེ་འདྲ་རེ་ཟུང་ཆོས་ལུགས་ཚང་མའི་ནང་ནས་ཐོན་གྱི་ཡོད་པ་ནི་སྤྱིར་སྟངས་ཀྱི་གནས་ཚུལ་ཞིག་རེད། མི་སྒེར་རེ་ཟུང་གི་བྱ་སྤྱོད་ངན་པ་དེ་ཆོས་ལུགས་ཞེ་དྲག་པའི་བྱ་སྤྱོད་ལ་ངོས་འཛིན་བྱས་ན་འགྲིག་གི་མ་རེད་ཅེས་དང་། འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མས་བྱམས་པ་དང་བརྩེ་བ། བཟོད་པ་དང་ཚུལ་ཁྲིམས་ཀྱི་བསླབ་བྱ་གནང་བཞིན་པ་ནི་ཆོས་ལུགས་ཚང་བའི་ཐོུང་གི་བསླབ་བྱ་ཡིན་པ་བཀའ་གནང་ཡོད་པ་རེད།


མཆན། (0)
Share
དྲ་གནས་ཆ་ཚང༌།