གཅིག་ལ་གཅིག་བརྟེན་གྱི་སྤྱི་ཚོགས་འདིའི་ནང་མི་སྒེར་གྱི་བསམ་བློའི་རང་དབང་དེ་ཧ་ཅང་གལ་ཆེན་ཡིན། ༧གོང་ས་མཆོག་གིས།

2020-10-20
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་དྲ་ལམ་ཐད་གཏོང་བརྒྱུད་བཀའ་སློབ་སྩལ་སྐབས། ༡༠།༢༠།༢༠༢༠
༧གོང་ས་མཆོག་གིས་དྲ་ལམ་ཐད་གཏོང་བརྒྱུད་བཀའ་སློབ་སྩལ་སྐབས། ༡༠།༢༠།༢༠༢༠
OHHDL

གཅིག་ལ་གཅིག་བརྟེན་གྱི་སྤྱི་ཚོགས་འདིའི་ནང་མི་སྒེར་གྱི་བསམ་བློའི་རང་དབང་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པས་གཅིག་སྡུད་ལམ་ལུགས་དེ་ད་ལྟ་དུས་ཚོད་ཡོལ་ཟིན་པ་ཞིག་རེད་ཅེས་༧གོང་ས་མཆོག་གིས་བཀའ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཡོའུ་ཁུ་རན་(Ukrain)གྱི་ཨེཌ་ཀེམ་(EdCamp)ཞེས་པ་སཱི་ཤེས་ཡོན་སློབ་གསོ་འམ་སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་གོང་སྤེལ་ཐོག་ལས་འཆར་སྤེལ་མཁན་གྱི་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར། འདི་ཚེས་༢༠ཉིན་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད་བཟང་སྤྱོད་དང་ཤེས་ཡོན་དང་འབྲེལ་བའི་སྐོར་ལ་བཀའ་སློབ་སྩལ་སྐབས། ང་ཚོ་ཆུང་དུས་ནས་རང་བཞིན་ལྷན་སྐྱེས་ཀྱི་རིན་ཐང་ལྡན་པའི་གཞན་ཕན་གྱི་བསམ་བློ་དེ་ཡོད། རིམ་པས་གལ་གནད་ཆུང་བ་ངའི་རྒྱལ་ཁབ་དང་། ངའི་རིག་གཞུང་། ངའི་སྐད་ཡིག་ཞེས་པའི་ཐོག་བསམ་བློ་གཏོང་གི་ཡོད། ཡིན་ནའང་བསམ་བློ་གཏིང་ཟབ་པོ་བཏང་བ་ཡིན་ན་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་རེད། ཚང་མ་འཛམ་གླིང་འདིའི་ནང་གནས་དགོས་ཀྱི་ཡོད་པ་རེད། ཨུ་རུ་སུའི་ནང་གུ་ཡངས་ཅན་གྱི་འགོ་ཁྲིད་ཁག་ཅིག་གིས་གཅིག་སྡུད་སྲིད་གཞུང་གི་ལམ་ལུགས་ལ་འགྱུར་བ་བཏང་ཡོད་པ་རེད། ད་ལྟ་གཅིག་ལ་གཅིག་བརྟེན་གྱི་སྤྱི་ཚོགས་འདིའི་ནང་མི་སྒར་གྱི་བསམ་བློའི་རང་དབང་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་འདྲ་སོང་ཙང་གཅིག་སྡུད་སྲིད་གཞུང་གི་ལམ་དེ་དུས་ཚོད་ཡོལ་ཟིན་པ་རེད། ང་ཚོའི་མི་ཚེའི་ནང་དངོས་ཡོད་མིན་པའི་གནས་སྟངས་ལ་བལྟས་ནས་བསྡད་ན་བདེ་སྐྱིད་ཡོང་ཐུབ་ཀྱི་མ་རེད། དེ་འདྲ་སོང་ཙང་བློ་ཡངས་པོའི་ཐོག་གཅིག་གྱུར་གྱི་འདུ་ཤེས་དེ་དགོས་ཀྱི་རེད་ཅེས་བཀའ་གནང་སོང་།
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ད་ལྟའི་དཀའ་རྙོག་ཆེ་བའི་དུས་འདིར་དགེ་རྒན་ཞིག་གི་ངོས་ནས་བྱམས་སྙིང་རྗེ་དང་། འགན་འཁུར། དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་སྐོར་བཀའ་འདྲི་ཞུས་བར། ༧གོང་ས་མཆོག་གིས། དགེ་རྒན་ཚོས་གཞོན་སྐྱེས་ཚོར་མ་འོངས་མདུན་ལམ་ལམ་སྟོན་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཡིན་ནའང་ད་ལྟའི་ཤེས་ཡོན་ལམ་ལུགས་འདི་ཕྱི་དངོས་པོའོ་རིན་ཐང་གཞིར་བཞག་ཡིན་པ་དང་། ད་ཆ་འདི་ཅིག་པོས་གདེངས་ཀྱི་མེད་ཙང་ང་ཚོས་ནང་སེམས་ཀྱི་ཤེས་ཡོན་སློབ་གསོའི་ཐོག་ཤུགས་རྒྱག་དགོས་པའི་དུས་ཚོད་རེད། འཇིགས་སྣང་དང། ཁོང་ཁྲོ། ང་རྒྱལ་སོགས་ལ་གདོང་ལེན་བྱེད་སྟངས་དེ་ཆོས་ཕྱོགས་ནས་ཡོང་གི་ཡོད་ཀྱང་གནད་དོན་འདི་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་ཤེས་ཡོན་སློབ་གསོ་སྦྱོང་བརྡར་སྤྲོད་ཐུབ་པ་ཡིན་ན་ཕན་ཐོགས་ཡོད་པ་བཀའ་གནང་སོང་།
ཡང་གོ་སྒྲིག་པ་ཞིག་གིས་དེང་སང་གཞོན་སྐྱེས་ནང་སེམས་ཀྱི་དཀའ་ངལ་འཕྲད་སྐབས་ཕ་མ་དང་དགེ་རྒན་ཚོས་དེ་ལས་སྐྱོབ་ཐབས་ཀྱི་ཐབས་ལམ་ག་རེ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཤེས་ཡོན་གྱི་དམིགས་ཡུལ་དེ་ཞི་བདེ་ལྡན་པའི་སྤྱི་ཚོགས་དང་། ཞི་བདེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་དེ་ཡིན། དེ་ཡོང་བ་ལ་ནང་སེམས་བཟང་པོ་དང་། རྣམ་དཔྱོད་ལྡན་པ་ཞིག་དགོས་ཀྱི་རེད། དཔེར་ན་རྐྱེན་ངན་ཞིག་འཕྲད་སྐབས་བསམ་བློ་རྒྱ་ཆེ་ས་ནས་གཏོང་ཐུབ་མཁན་ཞིག་དགོས་པ་དེ་རེད་ཅེས་བཀའ་གནང་སོང་།
དགའ་བྱང་དགེ་བཤེས་ནོར་བཟང་ལགས་ཀྱིས། དེ་སྔོན་ཁོང་གི་དགེ་ཕྲུག་བསྟན་འཛིན་དབྱངས་ཅན་ལགས་ཀྱིས་ཡོའུ་ཁུ་རན་གྱི་ཤེས་ཡོན་བློན་ཆེན་གྱི་སློབ་སྟོན་པ་སོགས་གནད་ཡོད་མི་སྣ་ཁག་ཅིག་དང་འབྲེལ་བ་བྱས་ནས་སཱི་ཤེས་ཡོན་སྐོར་གོ་རྟོགས་གང་ལེགས་བྱུང་ཡོད་པའི་སྐོར་འགྲེལ་བརྗོད་གནང་བྱུང་།
གོ་སྒྲིག་ཚོགས་པའི་འབྲེལ་ཡོད་མི་སྣས། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་ལ་མགོན་གང་ཉིད་ཀྱི་དགོངས་གཞི་ལྟར། ཡོའུ་ཁུ་རན་ནང་འདས་པའི་ཟླ་བ་༡༨ནང་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་ཁག་ཡོའུ་ཁུ་རན་གྱི་སྐད་ཡིན་ནང་བསྒྱུར་ནས་ཤེས་ཡོན་ལྷན་ཁང་གི་བཀའ་ཁྲོལ་ཐོག་སློབ་གྲྭ་ཁག་༢༦ནང་སློབ་ཁྲིད་བྱས་ཡོད་པ་མ་ཟད། ཤེས་ཡོན་སློབ་སྟོན་པ་ཉིས་ཁྲི་བརྒལ་བར་དྲ་ཐོག་བརྒྱུད་སྦྱོང་བསྡར་སྤྲད་ཡོད་པ་དང་། མ་འོངས་པར་སློབ་གྲྭ་ཁག་བརྒྱ་བརྒལ་བའི་ནང་སློབ་ཁྲིད་བྱེད་ཐུབ་པའི་དམིགས་ཚད་འཛིན་བཞིན་པ་སོགས་སྙན་སེང་ཞུས་གནང་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།