ཆོས་དད་ཡོད་མིན་ལ་མ་བལྟོས་བར་བྱམས་སྙིང་རྗེ་ཉམས་ལེན་བྱེད་རྒྱུ་ནི་སེམས་ཞི་བདེ་གནས་ཐབས་ཀྱི་རྩ་བ་ཡིན། ༧གོང་ས་མཆོག་གིས།

2020-09-28
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་ཁ་ཆེ་དང་ནང་པ་བར་གྱི་བགྲོ་གླེང་ལྷན་ཚོགས་ཐོག ༢༠༢༠།༩།༢༨
༧གོང་ས་མཆོག་ཁ་ཆེ་དང་ནང་པ་བར་གྱི་བགྲོ་གླེང་ལྷན་ཚོགས་ཐོག ༢༠༢༠།༩།༢༨
OHHDL

ཆོས་ལ་ཡིད་ཆེས་བྱེད་མིན་ལ་མ་བལྟོས་བར་བྱམས་སྙིང་རྗེ་ཉམས་ལེན་བྱེད་རྒྱུ་ནི་སེམས་ཞི་བདེ་གནས་ཐབས་ཀྱི་རྩ་བ་ཡིན་པ་༧གོང་ས་མཆོག་གིས་ཁ་ཆེ་དང་ནང་པ་བར་གྱི་བགྲོ་གླེང་ལྷན་ཚོགས་ཐོག་བཀའ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། མཱ་ལེ་ཤེ་ཡའི་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་དང་། མཱ་ལེ་ཤེ་ཡའི་ཁ་ཆེ་གཞོན་སྐྱེས་ཀྱི་ལས་འགུལ་ཞེས་པའི་ཚོགས་པ་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུ་པར་བཞིན། སྤྱི་ཟླ་༩་པའི་ཚེས་༢༨་ཉིན། བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་ཐད་གཏོང་བརྒྱུད་མཱ་ལེ་ཤེ་ཡའི་ཁ་ཆེའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་འབུམ་རམས་པ་ཨོས་མན་བྷ་ཀར་(Dr. Osman Bakar)་མཆོག་གཙོས་པའི་གོང་ཞུས་ཚོགས་པ་དེ་ཉིད་ཀྱི་ཚོགས་མི་རྣམས་ལྷན་བཞུགས་ཀྱིས། བྱམས་སྙིང་རྗེ་ཉམས་ལེན་ཐོག་ནང་པ་དང་ཁ་ཆེ་གཉིས་དབར་ཐུན་མོང་གི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བཀའ་སློབ་སྩལ་བའི་སྐབས། ཆོས་ལ་ཡིད་ཆེས་བྱེད་མིན་ལ་མ་བལྟོས་བར་འགྲོ་བ་མི་ཚང་མར་སེམས་ཞི་བདེ་དགོས་ཀྱི་ཡོད་ལ། མི་ཚེ་དོན་དང་ལྡན་པ་ཞིག་དང་། ལོ་དང་ཟླ་བ། ཐ་ན་ཉིན་གཅིག་སྐྱིད་པོ་དགོས་ན་ཡང་སྙིང་རྗེ་ཉམས་ལེན་བྱེད་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་མ་ཟད། ཇི་ཙམ་གྱིས་སྙིང་རྗེ་ཉམས་ལེན་བྱས་པ་ཡིན་ཚེ། དེ་ཙམ་གྱིས་སོ་སོའི་སེམས་ཞི་བདེ་གནས་ཐུབ། ང་ཚོས་འདིར་སྐྱེ་བ་ཕྱི་མ་དང་ཆོས་ལ་ཡིད་ཆེས་བྱེད་དང་མི་བྱེད་སྐོར་ཤོད་ཀྱི་མེད་པར། ང་ཚོས་སྟབས་བདེ་པོའི་ངང་ནས་སེམས་ཞི་བདེ་གནས་ཐབས་དང་དོན་དམ་གྱི་བདེ་སྐྱིད་ཡོང་ཐབས་སྐོར་ཤོད་ཀྱི་ཡོད་ཅེས་བཀའ་གནང་སོང་།

ཡང་སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁོང་སྒེར་གྱི་མི་ཚེ་དང་ཁ་ཆེའི་བར་དམིགས་བསལ་གྱི་འབྲེལ་བ་ཡོད་སྐོར་གསུངས་སྐབས། ངོས་རང་ཆུང་བྱིས་པའི་དུས་ནས་ངོས་ཀྱི་ཕ་ཡུལ་གྲོང་གསེབ་ཆུང་ཆུང་དེའི་ནང་སྔ་ས་ནས་ཁ་ཆེའི་ཁྱིམ་ཚང་ཁག་ཅིག་ཡོད་པ་དེ་དག་དང་ང་ཚོའི་བར་འབྲེལ་བ་ཟབ་མོ་ཡོད། དེ་ནས་ངོས་རང་ལྷ་སར་ཡོད་པའི་སྐབས་དེར། བོད་གཞུང་གི་དུས་ཆེན་གལ་ཆེན་ཁག་ནང་ས་གནས་ཀྱི་ཁ་ཆེ་མང་ཚོགས་མཉམ་ཞུགས་བྱེད་སྲོལ་ཡོད་པ་མ་ཟད། རྒྱ་གར་ནས་བོད་ལ་གལ་ཆེའི་གནས་ཚུལ་ཁག་ཅིག་ཀྱང་ཁ་ཆེ་ཚོས་འཁྱེར་ཡོང་གི་ཡོད་ཅིང་། རྒྱལ་བ་སྐུ་ཕྲེང་ལྔ་པའི་སྐབས་སུ་ལ་དྭགས་ནས་ཡིན་པའི་ཁ་ཆེ་ཚོར་ལྷ་སར་ས་ཆ་སྤྲད་ཡོད་པ་མ་ཟད། ཁོང་ཚོར་ཁ་ཆེ་ལྷ་ཁང་བཞེང་རྒྱུའི་ཆེད་དུ་ས་ཆ་ཡང་སྤྲད་ཡོད་པ་དང་། ལྷག་དོན་དུ་ངོས་རང་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་ཡིན་པ་ངོས་འཛིན་བྱེད་མཁན་གྲས་ཀྱི་གནད་ཡོད་ཞིག་ཀྱང་ཁ་ཆེ་རེད་ཅེས་བཀའ་གནང་སོང་།
ཡང་སྐབས་དེར་སློབ་དཔོན་ཆེན་པོ་འབུམ་རམས་པ་ཨོས་མན་བྷ་ཀར་(Dr. Osman Bakar)ལགས་ཀྱིས། ངོས་ཀྱིས་ནན་ཏན་བྱས་ནས་ཞུ་རྒྱུར། བྱམས་སྙིང་རྗེ་ཞེས་པ་དེ་ཁ་ཆེའི་ཆོས་ལུགས་ནང་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་རེད་ལ། སྙིང་རྗེ་ཉམས་སུ་ལེན་རྒྱུ་ནི་ཆོས་ལུགས་གཞན་ཁག་ཚང་མའི་སྙིང་པོ་དང་གཙོ་བ་དེ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་། སྙིང་རྗེ་ཞེས་པ་དེར་ཆོས་ལུགས་ཁག་སོ་སོས་གོ་བ་ལེན་སྟངས་དང་ཐ་སྙད་མི་འདྲ་བ་བཀོད་སྤྱོད་བྱེད་ཀྱི་ཡོད་རེད་ཅེས་འགྲེལ་བརྗོད་གནང་སོང་།

དེའི་བཞིན་སྐབས་དེའི་ཚོགས་ཞུགས་པ་(Jayanthi Kuan)་ཞུ་བའི་བུད་མེད་ཅིག་གིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ང་ཚོའི་ཉིན་རེའི་འཚོ་བའི་ནང་བྱམས་སྙིང་རྗེ་ཉམས་ལེན་ཇི་ལྟར་བྱེད་དགོས་པ་དང་། དེ་ཕྲུག་གུ་ཚོར་སློབ་སྟོན་ཇི་ལྟར་བྱེད་དགོས་པའི་སྐོར་བཀའ་དྲི་དགོངས་སྐོར་ཞུས་པར། ༧གོང་ས་མཆོག་གིས། ངོས་ཀྱིས་རྟག་ཏུ་བརྗོད་ཀྱི་ཡོད། ཕྲུག་གུ་ཆུང་དུས་སྐབས་སུ། ཁོང་ཚོའི་རྒྱུད་ལ་བྱམས་བརྩེ་རང་བཞིན་ལྡན་ཞིང་། ཁོང་ཚོས་མི་རིགས་དབྱེ་བ་དང་། ཆོས་ལུགས་གནས་སྟངས་སོགས་ལ་དམ་དོན་བྱེད་ཀྱི་མེད། འོན་ཀྱང་། དེ་ནས་ཕྲུག་གུ་དེ་དག་སློབ་གྲྭར་འགྲིམས་པའི་རྗེས། རིམ་པས་མི་རིགས་དང་ཆོས་ལུགས་ཀྱི་དབྱེ་བ་སོགས་ཡོང་གི་ཡོད་པ་རེད། དེ་དག་ནི་གཙོ་བོ་ང་ཚོའི་ཤེས་ཡོན་སྡེ་ཁག་ནས་ནང་སེམས་ཀྱི་རིན་ཐང་དང་བྱམས་བརྩེའི་སྐོར་སློབ་སྟོན་བྱེད་ཀྱི་མེད་པའི་དབང་གི་རེད། དེར་བརྟེན། ངོས་ཀྱིས་རྒྱུན་དུ་ནས་འདི་ལྟར་བསམ་གྱི་ཡོད། ང་ཚོའི་ཤེས་ཡོན་ལམ་ལུགས་ནང་ངེས་པར་དུ་ནང་སེམས་ཀྱི་འཕྲོད་བསྟེན་སྐོར་དང་། སེམས་ཞི་བདེ་གནས་ཐབས་སོགས་དང་འབྲེལ་བའི་སློབ་གཞི་གཏན་འབེབས་ཀྱིས་སློབ་ཁྲིད་གནང་དགོས་གལ་ཆེ་ཞེས་བཀའ་གནང་སོང་།
མཇུག་ཏུ་ཚོགས་ཞུགས་པ་ཚོས། ༧གོང་ས་མཆོག་མཱ་ལེ་ཤེ་ཡར་ཕེབས་ཐུབ་མིན་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། དེའི་ཐད་དགོངས་བཞེས་གནང་བཞིན་ཡོད། (covid-19)་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་དྲག་སྐྱེས་བྱུང་མཚམས་ཀྱི་ཟླ་འགའི་རྗེས་སམ་ལོ་རྗེས་མར་མ་ལེ་ཤི་ཡ་དང་སིངྒ་པུར་དུ་ཕེབས་ཐུབ་པ་བཀའ་གནང་སོང་།
གཞན་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་དད་ལྡན་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། རིང་མིན་སྤྱི་ལོ་༢༠༢༠་ལོའི་སྤྱི་༡༠་པའི་ཚེས་ ༢ ་ནས་ ༤་བར་ཉིན་གྲངས་གསུམ་རིང་གི་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ་པ་ནས་༡༠་བར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་གསུང་ཆོས་བཀའ་དྲིན་སྩལ་གནང་མཛད་རྒྱུ་ཡིན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།