བོད་པའི་ཤེས་ཡོན་དང་སེམས་ཤུགས་བརྟན་པོ་ཡིན་པས་རྒྱ་ནག་གིས་བོད་པའི་གཉའ་བཅག་ཐུབ་མེད། ༧གོང་ས་མཆོག་གིས།

2019-10-18
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སཾ་བྷོ་ཊ་སློབ་ཚོགས་ཀྱི་དགེ་ལས་ཁག་གཅིག་དང་མཇལ་མོལ་སྐབས། ༢༠༡༩།༡༠།༡༨
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སཾ་བྷོ་ཊ་སློབ་ཚོགས་ཀྱི་དགེ་ལས་ཁག་གཅིག་དང་མཇལ་མོལ་སྐབས། ༢༠༡༩།༡༠།༡༨
OHHDL

བོད་དོན་འཐབ་རྩོད་ལ་ཤེས་ཡོན་གཙོ་བས་བོད་མི་ཚོས་ཤེས་ཡོན་ཐོག་འབད་བརྩོན་གནང་ནས་བོད་ཕྲུག་ཚོ་མི་ཚད་ལྡན་ཞིག་བཟོ་དགོས་བ་༧གོང་ས་མཆོག་གིས་བཀའ་བསྩལ་འདུག
ཕྱི་ལོ་༢༠༡༩་ཟླ་༡༠་ཚེས་༡༨་ཉིན། ཤེས་རིག་ཁྱབ་ཁོངས་སམ་བྷོ་ཊ་བོད་སློབ་ཚོགས་པ་བཙུགས་ནས་ལོ་༢༠འཁོར་བ་དང་སྟབས་བསྟུན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སཾ་བྷོ་ཊ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སློབ་གྲྭའི་ལས་བྱེད་ཟུར་བ་དང་། ལས་བྱེད་ཞབས་ལོ་༢༠་ལོན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་བའི་ནང་། རྒྱ་ནག་གཞུང་གིས་ད་བར་མི་ལོ་༧༠་ཙམ་གྱི་རིང་། དྲག་གནོན་ཐེ་བས་ཐབས་ཤེས་འདྲ་མིན་བྱས་ནས་བོད་པའི་གཉའ་བཅག་ཐབས་བྱས་ཡོད་ཀྱང་དེ་ལྟར་མ་བྱུང་མེད་པ་རེད། དེ་ནི་གཙོ་བོ་ང་ཚོའི་ཤེས་ཡོན་གྱི་ཐོག་ནས་རེད་འདུག བོད་པའི་ཤེས་ཡོན་དང་ང་ཚོར་སྐད་ཡིག་ལོགས་སུ་ཡོད་བསྡད་པ་སོགས། བོད་མི་རིགས་ཀྱི་འཐབ་རྩོད་འདི་བཞིན་ད་བར་མུ་མཐུད་ནས་གནས་ཐུབ་པ་ནི་གཙོ་བོ་ཤེས་ཡོན་དང་སེམས་ཤུགས་ལ་བརྟེན་ནས་བྱུང་བ་དང་། བོད་དོན་འཐབ་རྩོད་ལ་ཤེས་ཡོན་གཙོ་བས་བོད་མི་ཚོས་ཤེས་ཡོན་ཐོག་འབད་བརྩོན་གནང་རྒྱུ་དང་། ཕ་མ་དགེ་རྒན་ཚོས་བོད་ཕྲུག་ཚོ་མི་ཚད་ལྡན་ཞིག་བསྐྱེད་སྲིང་གནང་དགོས་བ་སོགས་བཀའ་བསྩལ་འདུག
ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ད་ཆ་ངོས་རང་ལོ་བརྒྱད་བཅུ་གྱ་བཞི་ལ་སོན་ཡོད། རེད་ཏེ་གཟུགས་པོ་ཡག་ཐག་ཆོད་ཡོད། ང་རང་ངོས་ནས་བོད་རྒྱ་ཆེའི་མི་དམངས་ག་དུས་ཡིན་ཡང་སེམས་ལ་བཅངས་བསྡད་ཡོད། ད་དུང་མུ་མཐུད་དུ་ལོ་བརྒྱ་དང་བཅུ་གྲངས་བར་སྡོད་ཐུབ་པའི་སེམས་ཤུགས་སྐྱེས་བསྡད་ཡོད། དེ་བས་ཚང་མས་ཆོས་དང་འཇིག་རྟེན་ཕྱོགས་གང་ཅིའི་ཐད་ཧུར་ཐག་གནང་དགོས་ཅེས་བཀའ་བསྩལ་འདུག
སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་ཀྱིས། ད་རེས་ལོ་ངོ་ཉི་ཤུའི་དུས་ཆེན་སྲུང་བརྩིའི་སྐབས་སུ། ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་གྲོས་བསྡུར་བྱུང་བའི་ནང་ཟབ་སྦྱོང་མང་པོ་གནང་གི་ཡོད་ཀྱང་དེའི་རྗེས་འབྲེལ་གྱི་ཞིབ་འཇུག་དགོས་གལ་སྐོར་དང་། བགྲེས་ཡོལ་གཞིས་ཆགས་ཀྱི་ཐོབ་ཐང་མེད་པ་ཚོར་བཞུགས་གནས་ཀྱི་དཀའ་ངལ་འཕྲད་པ་ཚོར་སམ་བྷོ་ཊ་ཚོགས་པ་ནས་མཐུན་འགྱུར་ཐབས་ཚུལ་གནང་དགོས་པ་དང་། ཚོགས་པ་རང་ཁ་རང་གསོ་ཐུབ་པའི་ཆེད་དུ་ཚོགས་དངུལ་བསྡུ་དགོས་པའི་དགོང་ཚུལ་བྱུང་ཡོད་པ་འགྲེལ་བརྗོད་གནང་སོང་།
གཞན་ཡང་ཁོང་གིས་དེང་སྐབས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཉུང་དུ་ཕྱིན་པའི་གནས་སྟངས་དང་འབྲེལ་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་སྐབས། སློབ་གྲྭ་ཁུ་བསྡུ་གནང་དགོས་པའི་གྲོས་བསྡུར་བྱུང་བ་གཞིར་བཟུང་སམ་བྷོ་ཊའི་འཛིན་སྐྱོང་ཐོག་ནས་ལས་དོན་ཁག་ཅིག་ལག་བསྟར་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ཁྱབ་ཁོངས་སམ་བྷོ་ཊའི་བོད་སློབ་ཚོགས་པ་འདི་བཞིན་༡༩༩༩་ལོར་བཙུགས་པ་ནས། ད་ལྟའི་ཆར་སམ་བྷོ་ཊའི་ཁྱབ་ཁོངས་ཁྱོན་སློབ་གྲྭ་ཆེ་ཆུང་བསྡོམས་༧༡་ཡོད་པ་དང་། སློབ་ཕྲུག་གྲངས་༤༤༧༩ དགེ་ལས་གྲངས་༦༥༥་ཡོད་པ་སམ་བྷོ་ཊའི་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་ཀྱི་འགྲེལ་བརྗོད་གནང་བྱུང་།

མཆན། (0)
Share
དྲ་གནས་ཆ་ཚང༌།