༧གོང་ས་མཆོག་དབུ་བཞུགས་ཐོག་ཞི་བདེའི་གོང་སྤེལ་ཐད་བགྲོ་གླེང་།

2019-10-23
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་དབུ་བཞུགས་ཐོག་ཞི་བདེའི་གོང་འཕེལ་ཐད་བགྲོ་གླེང་སྐབས། ༢༠༡༩།༡༠།༢༣
༧གོང་ས་མཆོག་གིས་དབུ་བཞུགས་ཐོག་ཞི་བདེའི་གོང་འཕེལ་ཐད་བགྲོ་གླེང་སྐབས། ༢༠༡༩།༡༠།༢༣
Lekmon/RFA

བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱལ་ཁབ་འདྲ་མིན་ནས་ཞི་བདེའི་གོང་འཕེལ་ལས་འཆར་ཐོག་འགན་ཁུར་གནང་མཁན་གཞོན་སྐྱེས་༢༦ གིས་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་ལྷན་ཚོགས་ཤིག་ཟླ་བ་འདིའི་སྤྱི་ཚེས་༢༣་དབུ་ཚུགས་སོང་།
དེང་སྐབས་འཛམ་གླིང་དཀྱིལ་ཤར་མངའ་ཁུལ་དང་ཨ་ཧྥི་རི་ཀ། དེ་བཞིན་ལྷོ་ཤར་ཨེ་ཤེ་ཡ་སོགས་ཀྱི་ནང་དམག་འཁྲུག་དང་རྩོད་རྙོག་སོགས་ཀྱི་དབང་གིས་བུད་མེད་དང་བྱིས་པ་གཙོ་བོར་གྱུར་བའི་ཉེས་མེད་མང་ཚོགས་རྣམས་ཀྱིས་དཀའ་སྡུག་ཧ་ཅང་ཆེན་པོ་མྱོང་བཞིན་ཡོད་སྟབས། ཟླ་བ་འདིའི་སྤྱི་ཚེས་༢༣་ཉིན་གྱི་སྔ་དྲོ་ཨ་མ་རི་ཀའི་ཞི་བདེ་གོང་འཕེལ་ལྟེ་གནས་ཁང་ངམ་(United States Institute of Peace)་ཞེས་པའི་ཚོགས་པས་གོ་སྒྲིག་དང་གཙོ་སྐྱོང་འོག བཞུགས་སྒར་རྡ་རམས་ས་ལའི་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག ཨ་ཧྥི་གྷ་ནི་སི་ཐན་དང་། ཀོ་ལོམ་བྷི་ཡ། ཨི་རག ལེ་བྷེ་ཡ། འབར་མ། ན་ཡི་ཇེ་རི་ཡ། སུ་མཱ་ལི་ཡ། ལྷོ་སུ་དྷན། སི་རི་ཡ། ཏུ་ནི་ཤི་ཡ། ཝི་ནི་རྫུས་ལ། ཡུ་གྷན་ཌ་རྒྱལ་ཁབ་བཅས་ནས་ཞི་བདེའི་གོང་འཕེལ་ལས་འཆར་ཐོག་འགན་ཁུར་གནང་མཁན་གཞོན་སྐྱེས་ཕོ་མོ་གྲངས་༢༦་ལ་དམིགས་བསལ་གྱིས་མཇལ་ཁ་དང་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས། ད་ལྟ་ཡོད་བཞིན་པའི་ཤེས་ཡོན་སློབ་གསོ་ཡིས་སློབ་ཕྲུག་གི་སེམས་ཁམས་བདེ་ཐང་ཡོང་བར་འདང་གི་མེད་པ་དང་། དེང་སྐབས་འཛམ་གླིང་ནང་དཀའ་ངལ་མང་དག་ཤིག་ནི་འགྲོ་བ་མི་རང་ཉིད་ཀྱིས་བཟོས་ཡོད་པ་གསལ་པོ་རེད། དཀའ་ངའ་དེ་དག་གི་འབྱུང་ཁུངས་གཙོ་བོ་ཞིག་ནི། རྒྱལ་ཁབ་དང་ཆོས་ལུགས་འདྲ་མིན་ཚུད་པའི་ང་ཚོ་དང་ཁོ་ཚོ་ཞེས་བའི་གནས་སྟངས་ཐོག་འདུ་ཤེས་འཛིན་པ་དང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་བསམ་བློའི་རིགས་ཉུང་དྲག་པའི་དབང་གིས་རེད། དེར་བརྟེན་གཞི་རྩའི་ཆ་ནས་འགྲོ་བ་མིའི་རང་བཞིན་ནི་བྱམས་བརྩེ་ཡིན་པས་ཤེས་ཡོན་གྱི་ལམ་ནས་ང་ཚོས་ངེས་པར་དུ་དེ་འདྲའི་བསམ་བློ་རིགས་ལ་འགྱུར་བ་གཏོང་རྒྱུ་གལ་ཆེ་ཞེས་དང་། ད་དུང་༧གོང་ས་མཆོག་གིས། ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པར་གཙོ་བོ་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་ཕན་ཚུན་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དགོས་གལ་ཆེ་ཞིང་། དུས་རབས་ཉེར་གཅིག་དེ་ཡང་ངེས་པར་དུ་གྲོས་མོལ་གྱི་དུས་རབས་ཤིག་བསྐྲུན་དགོས་པ་བཀའ་གནང་ཡོད་པ་རེད།
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོ་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་གཅིག་མཚུངས་ཡིན་པ་དང་། ང་ཚོ་ཚང་མ་གོ་ལ་འདིའི་སྒང་གནས་བཞིན་པ་ཡིན་དུས་ཁྱིམ་ཚང་གཅིག་གི་འདུ་ཤེས་འཛིན་རྒྱུ་གལ་ཆེན་ཡིན་ཞེས་དང་། དོན་དངོས་ཀྱི་ཆ་ནས་ཇི་ཙམ་གྱི་བྱམས་བརྩེའི་བསམ་བློ་ཡོད་ན། དེ་ཙམ་གྱི་གཟུགས་པོའི་བདེ་ཐང་ཡག་ཏུ་འགྲོ་རྒྱུ་ཡིན་པ་དང་། ཁོང་ཁྲོ་དང་བློ་དོགས་ཀྱིས་ང་ཚོའི་འཕྲོད་བསྟེན་ལའང་གནོད་འཚེ་ཡོང་གི་ཡོད། དེའི་ཐད་ང་ཚོས་ཆོས་ལུགས་དང་སངས་རྒྱས་བཅོམ་འདས་ལྡན། དེ་བཞིན་ཡི་ཤུའི་སྟོན་པ་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱེད་ཀྱི་མེད། འོན་ཀྱང་། ང་ཚོ་ཚང་མར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་དགོས་ཀྱི་ཡོད་རེད། དེ་ལྟར་ཡོང་བར་སྔོན་འགྲོའི་སློབ་གྲྭ་ནས་མཐོ་སློབ་བར་གྱི་ཤེས་ཡོན་སློབ་གསོའི་ནང་ང་ཚོས་ངེས་པར་དུ་སེམས་ཚོར་གྱི་འཕྲོད་བསྟེན་སྐོར་སློབ་ཁྲིད་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་ཅེས་བཀའ་གནང་ཡོད་པ་རེད།
ཡང་སྐབས་དེར་ཡུ་གྷན་ཌ་(Uganda)རྒྱལ་ཁབ་ནས་ཡིན་པའི་ཞི་བདེའི་གོང་འཕེལ་ལས་འཆར་ཐོག་འགན་ཁུར་གནང་མཁན་གཞོན་སྐྱེས་(Victor Ochen)་ལགས་ཀྱིས། ང་ཚོའི་རྒྱལ་ཁབ་ནང་དབྱེ་འབྱེད་ཆེ་བ་དང་། བཟོད་སྒོམ་མེད་པ། དེ་བཞིན་ལོ་རྒྱུས་ལ་ལྷིང་འཇགས་དང་དྲང་བདེན་མེད་པ་སོགས་ཀྱི་རྐྱེན་པས། ན་གཞོན་དུ་མ་ཞིག་གདུག་རྩུབ་ཅན་གྱི་ཁོར་ཡུག་དེའི་ནང་འཚར་ལོངས་བྱུང་བཞིན་ཡོད་རེད། དེར་བརྟེན། ད་རེས་ང་ཚོས་གོ་སྐབས་འདི་བརྒྱུད་ནས་༧གོང་ས་ཏ་ལའི་བླ་མ་མཆོག་གི་ལམ་སྟོན་ཞུ་རྒྱུ་དང་། རང་ཉིད་ཀྱི་མྱོང་ཚོར་བརྗེ་ལེན་ཆེད་འདིར་ཡོང་བ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག
ཡང་ཀོ་ལོམ་བྷེ་ཡ་རྒྱལ་ཁབ་ནས་ཡིན་པའི་ཞི་བདེའི་གོང་འཕེལ་ལས་འཆར་ཐོག་འགན་ཁུར་གནང་མཁན་ན་གཞོན་(Juan Sebastian)་ལགས་ཀྱིས། ངོས་རང་ཀོ་ལོམ་བྷི་ཡ་རྒྱལ་ཁབ་ཀྱི་ཆབ་སྲིད་པ་ཞིག་བྱ་འདོད་ཡོད། གོ་སྐབས་འདིའི་བརྒྱུད་ནས་གཞོན་སྐྱེས་ཕན་ཚུན་བར་འབྲེལ་བ་བཟང་པོ་ཞིག་ཡོང་གི་རེད་དྲན་གྱི་འདུག་ཅེས་དང་། ངོས་རང་ལ་མཚོན་ན་ཀོ་ལོམ་བྷེ་ཡའི་ནང་ལ་ཞི་བདེ་དང་། ཕུགས་བསམ་ལྡན་པའི་ཆབ་སྲིད་པ་དགོས་གལ་ཆེན་པོ་མཐོང་གི་འདུག རྒྱུ་མཚན་ནི་ད་ལྟའི་ཆར་ང་ཚོར་ཆབ་སྲིད་པ་ཡོད་རེད། འོན་ཀྱང་། ནང་སེམས་ཀྱི་བདེ་ཐང་དང་ཞི་བདེ་སོགས་དང་འབྲེལ་བའི་ཕྱག་ལས་གནང་མཁན་དཀོན་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཨ་རིའི་ཞི་བདེ་གོང་འཕེལ་ལྟེ་གནས་ཁང་གིས་གོ་སྒྲིག་གནང་ནས་སྤྱི་ལོ་༢༠༡༦་ལོར་བཞུགས་སྒར་དུ། བགྲོ་གླེང་ལྷན་ཚོགས་དེ་བཞིན་ཐེངས་དང་པོ་ཚོགས་གནང་འདུག་པ་ད་རེས་ཐེངས་བཞི་བ་ཡིན་པ་རེད། ད་བར་ཁྱོན་རྒྱལ་ཁབ་༡༩་ནས་གཞོན་སྐྱེས་༡༠༦མཉམ་ཞུགས་གནང་འདུག་ལ་ད་རེས་ཀྱི་ལྷན་ཚོགས་དེ་ཟླ་བ་འདིའི་སྤྱི་ཚེས་ ༢༣ ནས་ ༢༤ བར་ཉིན་གྲངས་གཉིས་ཀྱི་རིང་འཚོགས་རྒྱུ་ཡིན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།