བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་མཱ་ནཱ་ལི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་སོང་།

2019-08-09
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་མཱ་ནཱ་ལི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་བའི་ཆིབས་ལམ་དུ། ༢༠༡༩།༨།༩
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་མཱ་ནཱ་ལི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་བའི་ཆིབས་ལམ་དུ། ༢༠༡༩།༨།༩
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་མཱ་ནཱ་ལི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མ་ནཱ་ལིར་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་རིང་མིན་བརྟན་ཞུགས་འབུལ་མཁན་གྱི་ཚོགས་སྡེ་ཁག་གཅིག་ལ་བཀའ་ལན་སྩལ་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ཟླ་༨་པའི་ཚེས་༨་ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན་ལྟར། ཕྱི་ཚེས་ ༩ ཉིན་བཞུགས་སྒར་ནས་ཆིབས་ཞལ་བསྒྱུར་གནང་མཛད་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མ་ནཱ་ལིའི་ཁུལ་དུ་ཆིབས་བསྒྱུར་ཐོག་ཆོས་འབྲེལ་སྩོལ་གནང་ཡོང་བ་ས་ཁུལ་དེ་དང་དེ་བཞིན་ཁུ་ནུ། ག་ཞ། པི་ཏི་སོགས་ཀྱི་མི་དམངས་ནས་གསོལ་འདེབས་དེ་སྔོན་ནས་ཞུས་ཡོད། འོན་ཀྱང་ད་རེས་ཀྱི་ཆིབས་བསྒྱུར་འདིའི་སྐབས་ཆོས་འབྲེལ་ཇི་ཙམ་སྐྱོང་མིན་གསལ་ཁ་མེད་ན་ཡང་ཉིན་ཤས་སྐུ་ངལ་གསོས་རྗེས་ཆོས་འབྲེལ་གནང་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
མ་ནཱ་ལིར་ཡོད་པའི་བྱེས་ཀྱི་འོན་མངའ་རིས་གྲྭ་ཚང་གི་ཕྱག་མཛོད་བློ་བཟང་ངག་དབང་ལགས་ཀྱིས་ན་ནིང་༧གོང་ས་མཆོག་གིས་མངའ་རིས་གྲྭ་ཚང་དེར་བློ་སྦྱོང་ཚིགས་བརྒྱད་མ་དང་རྒྱལ་སྲས་ལག་ལེན་སོ་བདུན་མ། དཔལ་ལྡན་ལྷ་མོའི་རྗེས་གནང་དང་བྱང་ཆུབ་ལམ་སྒྲོན་བཅས་གནང་རྒྱུ་ཞལ་བཞེས་ཐོབ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད་པ་རེད།  འོན་མངའ་རིས་གྲྭ་ཚང་ནི་༧རྒྱལ་དབང་སྐུ་ཕྲེང་གཉིས་པ་༧དགེ་འདུན་རྒྱ་མཚོ་མཆོག་གིས་ཕྱག་བཏབ་པ་ཞིག་ཡིན་པ་རེད། རྒྱ་གར་ནང་དགོན་པ་འདི་ཉམས་གསོ་གནང་བའི་ཐོག་ན་ནིང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་གསོལ་འདེབས་ཞུས་གནང་འདུག
མ་ནཱ་ལི་ས་གནས་འདི་ནི་གངས་རྭི་དང་ནགས་ཚལ། ཤིང་ཏོག་སྣ་ཚོགས་དང་གཙང་ཆུ་ལྷུང་ལྷུང་དུ་འབབ་པའི་རི་མཐོ་ས་གཙང་གི་མཛེས་སྡུག་ལྡན་པའི་ས་གནས་ཤིག་ཡིན་ལ། གར་ཞ་དང་སྤི་ཏི། ཁུ་ནུ་སོགས་བོད་བརྒྱུད་ནང་བསྟན་ཤུགས་ཆེ་དར་ཞིང་། ནང་པ་མི་ཉུང་བ་ཡོད་སའི་ཧི་མ་ཅཱལ་མངའ་ཁུལ་ཁག་དང་ས་འབྲེལ་གྱི་ས་གནས་ཤིག་ཀྱང་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།