ཞི་བདེ་འཐབ་རྩོད་པ་ཞིག་འདས་གྲོངས་སུ་ཕྱིན་པར་༧གོང་ས་མཆོག་གིས་ཐུགས་གསོ་མཛད།

2020-08-04
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་བྱང་ཨའེར་ལེན་ཌིའི་སྐུ་ཞབས་ཇོན་ཧུམ་ལགས།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་བྱང་ཨའེར་ལེན་ཌིའི་སྐུ་ཞབས་ཇོན་ཧུམ་ལགས།
OHHDL

ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་བྱང་ཨའེར་ལེན་ཌིའི་(Northern Ireland)་སྐུ་ཞབས་ཇོན་ཧུམ་(John Hume)་ལགས་འདས་གྲོངས་སུ་ཕྱིན་པར་༧གོང་ས་མཆོག་གིས་ཤུལ་ལུས་ནང་མི་ཚོར་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག
དེ་ཡང་འདི་ཚེས་༤་ཉིན་དམ་པ་དེ་ཉིད་ཀྱི་སྐུ་ཟླར་བསྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་། ངོས་རང་ཉེ་བའི་ལོ་ཤས་ནང་ཨའེར་ལེན་ཌིར་ཐེངས་ཁ་ཤས་བསྐྱོད་སྐབས་ཁྱེད་ཀྱི་སྐུ་ཟླ་དང་མཇལ་འཕྲད་བྱུང་བར་དགའ་པོ་བྱུང་། ཁོང་གིས་འཐབ་རྩོད་དང་དཀའ་རྙོག་མཐའ་དག་གྲོས་མོལ་དང་ཞི་བའི་གོ་བསྡུར་གྱི་ལམ་ནས་སེལ་རྒྱུའི་ནུས་སྟོབས་ཡོད་པར་ཡིད་ཆེས་བརྟན་པོ་གནང་པས། དེ་སྔའི་ཕྱི་ལོ་༡༩༩༨་ལོའི་ཨའེར་ལེན་ཌིའི་རྩོད་རྙོག་ཞི་འགྲིག་གི་གྲོས་ཆིངས་(Good Friday Agreement)་དེ་བཞག་ཐུབ་ཡོད།
ཁོང་གི་བྱས་རྗེས་དེས་ང་ཚོ་ཚང་མར་མིག་དཔེ་བཟང་པོ་ཞིག་བསྟན་ཡོད།
སྐུ་ཞབས་ཧུམ་ལགས་ཀྱིས་དཀའ་ཚེགས་ཆེ་ཆུང་ལ་མ་བལྟོས་པར་ཞི་བདེ་དང་འཚེ་མེད་ཞི་བའི་ལམ་ནས་རྩོད་རྙོག་འདུམ་འགྲིག་བྱ་རྒྱུའི་ཆོད་སེམས་དེས། ཁོང་ཉིད་འགྲོ་བ་མིའི་དྲན་པའི་ཡུལ་དུ་ཡུན་རིང་བར་གནས་ངེས་པ་དང་། ཁོང་གིས་མི་ཚེ་དོན་སྙིང་ལྡན་པའི་ངང་བསྐྱལ་ཡོད་པ་གསུངས་འདུག
དམ་པ་ཁོང་ནི། ཕྱི་ལོ་ ༡༩༧༠ ་ལོར་བྱང་ཨའེར་ལེན་ཌིའི་དམངས་གཙོའི་སྤྱི་ཚོགས་དང་ངལ་རྩོལ་སྲིད་དོན་ཚོགས་པ་གསར་འཛུགས་བྱེད་མཁན་གྲས་སུ་ཡོད་པ་དང་། ཕྱི་ལོ་ ༡༩༧༣ ་ལོར་ཡུལ་དེའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་། ཡུལ་དེའི་དཀའ་རྙོག་མང་པོའི་གནས་སྟངས་ཞི་འགྲིག་གི་ཆེད་དུ་གྲོས་མོལ་ཡང་ཡང་བྱས་མཐར། ཕྱི་ལོ་༡༩༩༨་ལོའི་ཕྱི་ཟླ་ ༤ ་ཚེས་ ༡༠ ་ཉིན་ཨའེར་ལེན་ཌི་སྤྱི་མཐུན་རྒྱལ་ཁབ་དང་དབྱིན་ཡུལ་མཉམ་འབྲེལ་རྒྱལ་ཁབ་བར་ཞི་བདེའི་ཆིངས་ཡིག་བཞག་ནས། ལོ་ངོ་ ༣༠ ་ལྷག་གི་རྩོད་རྙོག་ཕལ་ཆེ་བ་ཞི་འགྲིག་ཐུབ་པ་བྱུང་ཡོད་ལ། ལོ་དེར་ཁོང་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།