༧གོང་ས་མཆོག་གིས་གོ་མཚོན་མེད་པའི་ཞི་བདེའི་དུས་རབས་ཤིག་བསྐྲུན་རྒྱུར་འབོད་སྐུལ་མཛད་འདུག

2020-08-06
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཉི་ཧོང་གི་ཧེ་རོ་ཤི་མར་ཕེབས་སྐབས། ༢༠༡༠།༡༡།༡༤
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཉི་ཧོང་གི་ཧེ་རོ་ཤི་མར་ཕེབས་སྐབས། ༢༠༡༠།༡༡།༡༤
OHHDL

དེ་སྔ་ཉི་ཧོང་གི་གྲོང་ཁྱེར་ཧེ་རོ་ཤི་མ་དང་ན་ག་ས་ཀིར་རྡུལ་ཕྲན་མཚོན་ཆ་འཕངས་ནས་མི་ལོ་༧༥་འཁོར་བའི་ཉིན་མོར་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྗེས་དྲན་གྱི་ཐུགས་སྨོན་དང་སྦྲགས་འབྱུང་འགྱུར་གོ་མཚོན་མེད་པའི་འཛམ་གླིང་ཞིག་བསྐྲུན་དགོས་པ་བཀའ་གནང་སོང་།
དེ་ཡང་འདི་ཚེས་༦་ཉིན་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཆེད་དུ་གཞོན་སྐྱེས་ཚོར། དྲ་ལམ་བརྒྱུད་ནང་ཆོས་ངོ་སྤྲོད་དང་བཀའ་ཆོས་སྩལ་བའི་ཉིན་མཐའ་མར། སྤྱི་ཟླ་༨་པའི་ཚེས་༦་ཉིན་ནི་དེ་སྔ་ཨ་མི་རི་ཀས་དམག་ཆེན་གཉིས་པའི་སྐབས། ཉི་ཧོང་གི་གྲོང་ཁྱེར་ཧེ་རོ་ཤི་མ་དང་ན་ག་ས་ཀི་གཉིས་ནང་རྡུལ་ཕྲན་མཚོན་ཆ་འཕངས་ནས་མི་ལོ་༧༥་འཁོར་བའི་ཉིན་མོ་ཡིན་པའི་དྲན་གསོ་ཐུགས་སྨོན་དང་སྦྲགས་༧གོང་ས་མཆོག་གིས། ངོས་རང་དེ་སྔ་ཉི་ཧོང་གི་ས་ཁུལ་དེར་དངོས་སུ་ཕྱིན་པའི་དུས་ཚིགས་ཤིག་ཀྱང་ཡིན་པས། ང་ཚོས་འཛམ་གླིང་ཞི་བདེ་ཟེར་བ་དེ་ཚིག་སྐམ་པོ་ཙམ་མིན་པར། དང་ཐོག་སོ་སོའི་སེམས་ཞི་བདེ་དང་དེ་ནས་ལག་ལེན་གྱི་ཐོག་ནས་འཛམ་གླིང་ཞི་བདེ་བསྐྲུན་དགོས་པ་དང་། འབྱུང་འགྱུར་གོ་མཚོན་མེད་པའི་འཛམ་གླིང་ཞིག་བསྐྲུན་དགོས་ཅེས་བཀའ་གནང་ཡོད་པ་རེད།
དེ་བཞིན་ཉིན་མོ་དེར་ཆེད་དུ་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོས་སྩལ་བའི་གསུང་འཕྲིན་ནང་། ཧི་རོ་ཤི་མ་དང་། ན་ག་ས་ཀི་གཉིས་ལ་རྡུལ་ཕྲན་མཚོན་ཆ་འཕངས་ནས་ལོ་ངོ་ ༧༥ ་འཁོར་བའི་དུས་དྲན་དང་བསྟུན་རྒྱལ་ཁབ་ཁག་གི་གཞུང་དང་། སྒྲིག་འཛུགས། སྐྱེས་བུ་སྒེར་སོགས་ཚང་མས་ཞི་བདེ་འབྱུང་ཐབས་ལ་འབད་བརྩོན་བྱེད་རྒྱུ་དེ་མི་ཚེའི་ནང་ཆེས་གལ་འགངས་ཆེ་ཤོས་སུ་བརྩི་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
དུས་རབས་ཉི་ཤུ་པའི་ནང་གསར་གཏོད་དང་འཛུགས་སྐྲུན་གྱི་ཐད་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡང་། རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་སོགས་ཀྱི་རྐྱེན་པས་མི་འབོར་ས་ཡ་ཉིས་བརྒྱ་ཙམ་འཆི་སྐྱོན་བྱུང་ཡོད་པས། འཚེ་བའི་དུས་རབས་ལྟ་བུ་ཞིག་ཏུ་གྱུར་ཡོད། འོན་ཀྱང་ད་ཆར་གཅིག་ལ་གཅིག་བརྟེན་གྱི་རྣམ་པ་ཤུགས་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར་ཞི་བདེའི་དུས་རབས་ཤིག་བསྐྲུན་ཐུབ་པའི་གོ་སྐབས་དང་རེ་བ་ཆེན་པོ་ཡོད།
རྩོད་རྙོག་རྣམས་དྲག་ཤུགས་ལ་བརྟེན་པ་མ་ཡིན་པར་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་པ་དང་། རང་རེའི་མཐར་ཐུག་གི་དམིགས་ཡུལ་གོ་མཚོན་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐབས་སུ་རྡུལ་ཕྲན་མཚོན་ཆའི་འཇིགས་སྣང་མེད་པར་བཟོ་དགོས། དམག་འཁྲུག་ཅེས་པ་ནི་དོན་དུ་གཞན་གྱི་ཚེ་སྲོག་ལ་རྒོལ་བའི་བྱ་བ་ཞིག་ཡིན་ཞིང་། འཚེ་བས་འཚེ་བ་འདྲེན་པར་བྱེད་པས། དམག་འཐབ་དང་གོ་མཚོན་བཟོ་སྐྲུན་མཚམས་འཇོག་གིས་འཛམ་བུ་གླིང་འདི་སྔར་བས་ལྷག་པའི་ཞི་བདེ་ལྡན་པ་ཞིག་ཏུ་བསྒྱུར་ཐབས་བྱེད་དགོས།
དེང་སྐབས་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་ནི་མིས་བཟོས་པ་ཡིན་ལ། ཇི་སྲིད་རང་ཕྱོགས་དང་གཞན་ཕྱོགས་སུ་ལྟ་བའི་ཕྱོགས་ཞེན་གྱི་ལྟ་ཚུལ་ལོག་པ་ཞིག་ཡོད་པ་དེ་སྲིད་དུ་ཕ་རོལ་པོ་དེ་ཉིད་ཕམ་པར་བྱེད་འདོད་ཀྱི་བསམ་པ་སྐྱེ་འོང་བས། ངེས་པར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བསྐྱེད་དགོས་ལ། སྨོན་ལམ་འདེབས་པ་ཙམ་གྱིས་ཞི་བདེ་ཡོང་ཐབས་མེད་པས་འབད་བརྩོན་ལ་བརྟེན་ཏེ་ཞི་བདེ་ཡོང་ཐབས་བྱེད་དགོས་ཅེས་བཀའ་སྩལ་འདུག
དེ་སྔ་འཛམ་གླིང་དམག་ཆེན་གཉིས་བའི་སྐབས་ཕྱི་ལོ་༡༩༤༥་ཟླ་ ༨ ་ཚེས་ ༦་ཉིན་གྱི་ཞོགས་པར། ཨ་མི་རི་ཀའི་གནམ་གྲུས་ཉི་ཧོང་གི་གྲོང་ཁྱེར་ཧེ་རོ་ཤི་མའི་(Hiroshima)་ཐོག་ཏུ་རྡུལ་ཕྲན་མཚོན་ཆ་འཕངས་ནས་མི་གྲངས་འབུམ་གཅིག་དང་ཁྲི་བཞི་ལྷག་གི་ཚེ་སྲོག་ཤོར་བ་དང་། དེ་ནས་ཉིན་གསུམ་གྱི་རྗེས་སུ་ཉི་ཧོང་གི་གྲོང་ཁྱེར་ན་ག་ས་ཀི་(Nagasaki)་ལ་འཕངས་ནས་སླར་ཡང་མི་གྲངས་ཁྲི་བདུན་ལྷག་གི་ཚེ་སྲིག་ཤོར་ཡོད་པ་དང་། དེ་ནས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།