དེང་གི་འཛམ་གླིང་ལ་མེས་པོ་དམ་པ་གྷན་རྡི་ཡི་འཚེ་མེད་ཞི་བའི་ལམ་སྟོན་དགོས་མཁོ་ཆེ། ༧གོང་ས་མཆོག་གིས།

2019-10-02
གློག་འཕྲིན།
མཆན།
Share
པར་བཀོད།
མེས་པོ་དམ་པ་གྷན་རྡི་(Mahtama Gandhi)ཡི་ཁྱིམ་རྒྱུད་ཀྱིས་༧གོང་ས་མཆོག་ལ་གན་རྡི་སྐུ་བརྙན་ཕུལ་བཞིན་པ། ༢༠༡༢།༡།༡
མེས་པོ་དམ་པ་གྷན་རྡི་(Mahtama Gandhi)ཡི་ཁྱིམ་རྒྱུད་ཀྱིས་༧གོང་ས་མཆོག་ལ་གན་རྡི་སྐུ་བརྙན་ཕུལ་བཞིན་པ། ༢༠༡༢།༡།༡
AFP

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་དེང་གི་འཁོན་འཁྲུག་ཆེ་བའི་སྤྱི་ཚོགས་ཀྱི་ནང་མེས་པོ་དམ་པ་གྷན་རྡི་མཆོག་གི་འཚེ་མེད་ཞི་བའི་ལམ་སྟོན་དགོས་མཁོ་ཆེ་བ་བཀའ་བསྩལ་འདུག
སྤྱི་ནོར་༧གོང་ས་མཆོག་གིས་མེས་བོ་དམ་པ་གྷན་རྡི་(Mahtama Gandhi)་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་གྱི་ལམ་སྟོན་བསླབ་བྱ་དེ་ནི། དེང་གི་འཁོན་འཁྲུག་ཆེ་བའི་སྤྱི་ཚོགས་ཀྱི་ནང་དགོས་མཁོ་ཧ་ཅང་ཆེ་ཞིང་། ཐབས་ལམ་དེ་ནི་གོ་ལའི་དཀའ་ངལ་ཁག་སེལ་རྒྱུའི་ཐབས་ལམ་ཡག་ཤོས་ཤིག་གཟིགས་ཀྱི་ཡོད་པ། རྒྱ་གར་གྱི་(The livemint)་ཞེས་པའི་གསར་ལས་ཁང་གིས་རྒྱ་གར་གྱི་མེས་པོ་དམ་པ་གྷན་རྡི་མཆོག་སྐུ་འཁྲུངས་ནས་ལོ་ངོ་༡༥༠་འཁོར་བའི་འཁྲུངས་སྐར་དང་འབྲེལ། ༧གོང་ས་མཆོག་ལ་གྷན་རྡི་ཡི་མཛད་རྗེས་སྐོར་བཀའ་འདྲི་ཞུས་པའི་བཀའ་ལན་ནང་གསུངས་འདུག
དེ་ཡང་༧གོང་ས་མཆོག་གིས། རྒྱ་གར་གྱི་མེས་པོ་དམ་པ་གྷན་རྡི་མཆོག་ནི་དུས་རབས་༢༠་པའི་ནང་ཤུགས་རྐྱེན་ཆེན་པོ་འཇོག་མཁན་གྱི་ཕུལ་བྱུང་གི་སྐྱེས་པོ་ཞིག་ཡིན་པ་དང་། གྷན་རྡི་མཆོག་གིས་རྒྱ་གར་གྱི་ལོ་ངོ་༣༠༠༠་ཀྱི་གནའ་བོའི་རིག་གཞུང་གི་འཚེ་བ་མེད་པའི་ལྟ་གྲུབ་དང་བྱམས་བརྩེའི་བསླབ་བྱ་དེ་གཉིས་དངོས་སུ། རྒྱ་གར་གྱི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ནང་བེད་སྤྱོད་བཏང་སྟེ་རིན་ཐང་ལྡན་པ་ཞིག་བཟོས་ཡོད་པས། དེ་ནི་རླབས་ཆེན་ཞིག་ཡིན་པ་མངོན་པར་བསྟོད་ཡོད་པ་རེད།
ཡང་༧གོང་ས་མཆོག་གིས། ༧གོང་ས་མཆོག་ལ་གྷན་རྡི་མཆོག་དངོས་སུ་ཞལ་མཇལ་རྒྱུའི་གོ་སྐབས་བྱུང་མེད་ཀྱང་། རྒྱ་གར་གྱི་གྷན་རྡི་ཞེས་པའི་མཚན་སྙན་ཡོངས་སུ་ཆེ་བས་མཚན་ཡང་ཡང་ཐོས་མྱོངས་ཡོད་པས། སྐབས་ཤིག་བོད་ནང་བཞུགས་པའི་སྐབས་སུ་མཚན་མོའི་རྨི་ལམ་ནང་གྷན་རྡི་མཆོག་མཇལ་བའི་རྨི་ལམ་བཏང་མྱོངས་ཡོད་པ་བཀའ་གནང་ཡོད་པ་དང་། ཡང་གསར་འགོད་པས། གལ་ཏེ་༧གོང་ས་མཆོག་ལ་གྷན་རྡི་མཆོག་དངོས་སུ་མཇལ་རྒྱུའི་གོ་སྐབས་བྱུང་བ་ཡིན་ན། བཀའ་མོལ་ག་རེ་གནང་རྩིས་ཡོད་དམ་ཞེས་པའི་བཀའ་དྲིས་ཞུས་པའི་བཀའ་ལན་དུ། ༧གོང་ས་མཆོག་གིས་དང་པོར་ངོས་ནས་ཁོང་གི་ཞབས་ལ་འདུད་རྒྱུ་དང་། དེའི་རྗེས་ཁོང་ནས་ངོས་ལ་རྒྱ་ནག་གི་མཉམ་དཀའ་རྙོག་སེལ་ཐབས་ཀྱི་ལམ་སྟོན་ཁག་ཅིག་གནང་སྲིད་ཀྱི་རེད་ཅེས་བཀའ་གནང་ཡོད་འདུག
༧གོང་ས་མཆོག་གིས་འཚེ་མེད་ཞི་བའི་ཐབས་ལམ་དེ་ནི་མི་ཁག་གཅིག་གིས་སྟོབས་མེད་པའི་རང་བཞིན་གྱི་ཐབས་ལམ་ཞིག་ཡིན་པར་ངོས་འཛིན་བྱེད་མཁན་ཡོད་ཀྱང་། དོན་དངོས་ལ་དཀའ་ཚེགས་ཆེ་བའི་དུས་སྐབས་ལ། སྟོབས་མེད་པའི་ཐབས་ལམ་ཞིག་ཆགས་ཀྱི་མེད་པར། ཐབས་ལམ་དེ་ནུས་ལྡན་ཞིག་ཡིན་པ་དང་། ༧གོང་ས་མཆོག་གིས་བོད་མི་ཚོར་བཀའ་སློབ་ཀྱི་ནང་དུའང་། ཁྱིམ་མཚེས་རྒྱ་ནག་ནས་ད་ལྟ་བོད་ལ་དཀའ་ངལ་སྤྲོད་བཞིན་ཡོད་ཀྱང་། དོན་དངོས་ལ་དེ་ནི་དམར་ཤོག་ཚོགས་པའི་འགོ་ཁྲིད་འགའ་ཤས་ཤིག་གི་བྱེད་ལས་ཡིན་པས་འགྱུར་བ་འགྲོ་རྒྱུ་ཡོད་པ་དང་། རྒྱ་མི་རིགས་དང་ཁ་གཏད་འཛིན་པ་ལས་མཛའ་གྲོགས་ཀྱི་འདུ་ཤེས་བཟུང་ན་ཁེ་ཕན་ཆེ་བ་ཡོད་པ་བཀའ་གནང་གི་ཡོད་སྐོར་ངོ་སྤྲོད་གནང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།