སྤྱི་ནོར༧གོང་ས་མཆོག་ཕྱིར་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་འཁོད་སོང་།

2019-10-16
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཅན་རྡེ་སྒར་དུ། ༢༠༡༩།༡༠།༡༥
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཅན་རྡེ་སྒར་དུ། ༢༠༡༩།༡༠།༡༥
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་པན་ཇབ་མངའ་སྡེ་སོགས་ཀྱི་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་འདི་ཚེས་༡༦་ཉིན་གྱི་སྔ་དྲོར་ཕྱིར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་འཁོད་སོང་། སྐབས་དེར་ཕེབས་ལམ་གཡས་གཡོན་དུ་དད་ལྡན་སེར་སྐྱ་མི་མང་ནས་ལག་དུ་དཀར་གཙང་མཇལ་དར་དང་སྤོས་སོགས་ཁྱེར་ནས་དགའ་དད་སྤྲོ་གསུམ་ངང་ཕེབས་བསུ་ཞུས་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཟླ་བ་འདིའི་སྤྱི་༡༤་ཉིན་རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་ནང་ཡོད་པའི་ཅིཏ་ཀ་ར་གཙུག་ལག་སློབ་ཆེན་གི་ཚོགས་ཁང་དུ་(Chitkara University, Punjab)་སློབ་ཆེན་དེའི་རིགས་བདག་འབུམ་རམས་པ་(Ashok Chitkara)གཙོས་པའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་དགེ་ལས་སློབ་ཕྲུག་སོགས་མི་གྲངས་སྟོང་ཕྲག་བརྒལ་བར་བཀའ་སློབ་བསྩལ་བའི་སྐབས། དེང་གི་ཤེས་ཡོན་སློབ་གསོའི་ནང་ཕྱིའི་དངོས་པོ་ཡར་རྒྱས་ལ་དམིགས་སྡོད་པ་ལས་ནང་སེམས་དང་འབྲེལ་བའི་སློབ་གསོའི་རིགས་དཀོན་པོ་ཡིན་པ་མ་ཟད། དེ་ལྟ་བུའི་ཤེས་ཡོན་སློབ་གསོ་ཐོབ་པའི་གང་ཟག་དག་ལ་སེམས་ཁམས་ཀྱི་དཀའ་ངལ་འཕྲད་པའི་སྐབས། དེང་གི་ཤེས་ཡོན་གཅིག་པུའི་འདང་གི་མེད་པར་བརྟེན། ཕྲུ་གུ་ཆུང་ཆུང་སྐབས་ནས་སྤྱོད་བཟང་དང་འབྲེལ་སློབ་སྦྱོང་སྤྲོད་དགོས་རྒྱུ་གལ་ཆེ་བའི་སྐོར་བཀའ་སློབ་བསྩལ་ཡོད།
སྐབས་དེར་ཅིཏ་ཀ་ར་(Chitkara)་གཙུག་ལག་སློབ་ཆེན་གྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཀྱིས་རིག་གནས་ཐོག་ལ་འབུམ་རམས་པའི་ལག་འཁྱེར་འབུལ་བཞེས་མཛད་ཡོད་པ་མ་ཟད། ༧མགོན་པོ་གང་ཉིད་དབུ་བཞུགས་ཐོག་གཙུག་ལག་སློབ་ཆེན་དེའི་ནང་(Center for student happiness)་ཞེས་སློབ་མའི་བདེ་སྐྱིད་དང་འབྲེལ་བའི་ལྟེ་གནས་ཁང་གསར་པ་ཞིག་དབུ་འབྱེད་མཛད་ཡོད་པ་རེད།
སྤྱི་ཚེས་༡༥ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་ནང་གི་ཅན་རྡེ་སྒར་གཙུག་ལག་སློབ་ཆེན་དུ། དགེ་ལས་སློབ་ཕྲུག་སོགས་མི་གྲངས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་སར། དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་ནང་ཆོས་ལུགས་ལ་མ་བརྟེན་པའི་སྤྱོད་བཟང་དགོས་གལ་ཆེ་བའི་སྐོར་ལ་བཀའ་སློབ་ལམ་སྟོན་གནང་བ་དང་། གཙུག་ལག་སློབ་ཆེན་དེ་ཉིད་ཀྱིས་མགོན་པོ་གང་ཉིད་ལ་ཆེ་བསྟོད་ཀྱིས་རྒྱལ་སྤྱིའི་ཆོས་ཀྱི་དབུ་ཁྲིད་ཅེས་པའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་རེད།
ཅིཏ་ཀ་ར་(Chitkara)་གཙུག་ལག་སློབ་ཆེན་ནང་གི་བོད་རིགས་སློབ་མ་བཀྲིས་དཔལ་མོ་ལགས་ཀྱིས། གཙུག་ལག་སློབ་ཆེན་ནང་བོད་རིགས་སློབ་མ་དྲུག་ལས་མེད་པ་ཁོང་རྣམས་ཀྱིས་༧གོང་ས་མཆོག་ཕེབས་ཀྱི་ཡོད་པ་ཉིན་གཉིས་ཀྱི་གོང་ལ་མ་གཏོགས་ཤེས་རྟོགས་མེད་ཀྱང་དེའི་ནང་ཚུད་གཞས་སྣ་དང་། ཕེབས་བསུའི་གྲ་སྒྲིག་ཞུ་ཐུབ་པ་བྱུང་བ་ནི་སྐལ་པ་བཟང་པོ་དང་། བྱིན་རླབས་ཡིན་པ་བརྗོད་ཀྱི་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡ་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༤་ནས ༦ བར་ཉིན་གྲངས་གསུམ་གྱི་རིང་ཤེས་རབ་སྙིང་པོའི་ཆོས་འབྲེལ་སྩལ་གནང་མཛད་རྒྱུ་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།