༧གོང་ས་མཆོག་གིས་ཞི་བདེའི་ཆེད་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་དགོས་བ་བཀའ་སྩལ།

2019-09-09
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་མཇལ་བཅར་སྐབས། ༢༠༡༩།༩།༩
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་མཇལ་བཅར་སྐབས། ༢༠༡༩།༩།༩
RFA

སེམས་ཞི་བདེ་ཡོང་ཐབས་ཀྱི་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་གནང་ཐུབ་པ་ཡིན་ན་དུས་རབས་ཉེར་གཅིག་པའི་མཇུག་དེ་ཞི་བདེ་ལྡན་པ་ཞིག་ཡོང་བར་ཕན་གྱི་རེད་ཅེས་༧གོང་ས་མཆོག་གིས་བཀའ་སྩལ་འདུག
བཞུགས་སྒར་རྡ་རམ་སཱ་ལའི་རྒྱ་གར་གཞུང་གི་མཐོ་སློབ་ཏུ། རྒྱ་གར་ཧི་མ་ཅལ་མངའ་སྡེའི་གཙུག་ལག་སློབ་ཆེན་གྱིས། ༧གོང་ས་སྐྱབས་མགོན་ཆེན་པོས་དབུ་འཛུགས་དགོངས་དོན་ལྟར། རྒྱ་གར་གྱི་གནའ་བོའི་ཤེས་རབ་ཐོག་ཟླ་བ་དྲུག་རིང་སྦྱོང་བརྡར་ཕྱག་ཁྱེར་ཅིག་ཕུལ་བཞིན་པ། འདི་ཚེས་༩་ཉིན་འབྲེལ་ཡོད་རྡ་རམ་སཱ་ལ་མཐོ་སློབ་ཀྱི་སློབ་སྤྱི་སོགས་༧གོང་ས་མཆོག་ལ་མཇལ་ཁ་སྙན་སྒྲོན་དུ་བཅར་སྐབས། རྒྱ་གར་དུ་དེང་རབས་ཀྱི་ཤེས་ཡོན་ཡར་རྒྱས་དང་ཆབས་ཅིག སེམས་ཞི་བདེ་ཡོང་བའི་རྒྱ་གར་རང་གི་གནའ་རབས་རིག་གཞུང་བསྐྱར་གསོ་གནང་ཐུབ་པ་ཡིན་ན། དུས་རབས་ཉེར་གཅིག་པའི་མཇུག་ཏུ་ཞི་བདེ་ཇི་ཆེ་ཡོང་གི་རེད་ཅེས་༧གོང་ས་སྐྱབས་མགོན་ཆེན་པོས་ལམ་སྟོན་གནང་ཡོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས། རྒྱ་གར་ནི་དེང་རབས་ཀྱི་ཤེས་ཡོན་དང་རྒྱ་གར་རང་གི་གནའ་རབས་ཀྱི་རིག་གཞུང་། ནང་མྱོང་ཚོར་གྱི་ཐོག་གཉེན་པོ་བསྟེན་སྟངས་གཉིས་ཟུང་འབྲེལ་གནང་ཐུབ་མཁན་ཁོ་ན་དེ་ཡིན་ཅིང་། དེང་རབས་ཀྱི་རྒྱ་གར་ནང་རྒྱ་གར་རང་གི་གནའ་བོའི་རིག་གཞུང་བསྐྱར་གསོ་འགོ་འཛུགས་གནང་རྒྱུ་ནི། ང་ཚོའི་ལས་འགན་ཡིན་པ་དང་། འབྱུང་འགྱུར་ལོ་ཉི་ཤུ་སུམ་ཅུའི་རྗེས་སུ་ང་ཚོས་མཇུག་འབྲས་མཐོང་ཡོང་གི་རེད། མི་རབས་གསར་པ་ཚོས་རིག་གཞུང་དེ་གྲས་ལ་ཤེས་རྟོགས་གཏིང་ཟབ་བྱུང་བ་ཡིན་ན། མི་རེ་ངོ་རེ་བཞིན་དངོས་གནས་སེམས་ཀྱི་ཞི་བདེ་ཡོད་པ་དང་ནང་གི་སྙིང་སྟོབས་འཕེལ་བསྡད་པ། དེ་ཚོ་མི་གཞན་ལ་ཁྱབ་སྤེལ་བཅས་གནང་བ་ཡིན་ན། དུས་རབས་འདིའི་མཇུག་ཏུ་ནང་སེམས་ཀྱི་ཞི་བདེ་བརྒྱུད་ཞི་བདེ་ལྡན་པ་ཞིག་ཡོང་གི་རེད་ཅེས་བཀའ་སྩལ།
རྡ་རམ་ས་ལའི་མཐོ་སློབ་ཀྱི་སློབ་སྤྱི་ཇཱ་ཡོཏི་ཀུམྲ་ཡིས་ངོ་སྤྲོད་གནང་ན། སློབ་ཚན་དེ་ཚོ་ནི་༧གོང་མཆོག་གིས་འབད་བརྩོན་དབུ་འཛུགས་གནང་བ་ཞིག་དང། ཧི་མ་ཅལ་གཙུག་ལག་སློབ་ཆེན་གྱིས་སློབ་ཕྲུག་སུམ་བཅུ་ལ་དམིགས་བསལ་ལག་ཁྱེར་གྱི་ངོ་བོའི་ཐོག་སྦྱོང་བརྡར་ཕུལ་རྒྱུ་དང་། རིམ་པས་མཐོ་སློབ་ཀྱི་ལག་ཁྱེར་ཐོག་འགྲོ་རྒྱུ་ཡིན་ཅིང་། སློབ་ཚན་དེ་ཚོའི་ནང་དཔལ་ན་ལེན་དྲའི་གཞུང་གཞིར་བཞག་རྒྱ་གར་གྱི་རིག་གཞུང་རྙིང་པ་དང་། ཚན་རིག་དང་སེམས་ཁམས་རིག་པ་བཅས་འདུས་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་དོན་སེམས་ཁམས་རིག་པ་བ་གྲགས་ཅན་ཨཱཤྴི་ནཱནྟི་སོགས་མཁས་པ་ཁག་ཅིག་དང་ལྷན་མཇལ་འཕྲད་གནང་སྟེ། འགྲོ་བ་མིའི་སྤྱི་ཚོགས་ཀྱི་བདེ་སྐྱིད་ནི་གཅིག་ལ་གཅིག་བརྟེན་ཡིན་པས། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཡར་རྒྱས་གཏོང་གལ་ཆེ་བ་དང་། ང་ཚོས་ངེས་པར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཡོང་ཐབས་དང་། ང་ཚོ་སྤྱི་ཚོགས་གཅིག་གི་ཡིན་པས་ཕན་ཚུན་དཔུང་པ་མཉམ་གཤིབ་ཀྱིས་གནས་དགོས་པ། ཁོང་ཚོའི་མ་འོངས་པ་ང་ཚོ་ལ་བརྟེན་ཡོད་པ་དང་། ང་ཚོའི་མ་འོངས་པ་ཁོང་ཚོ་ལ་བརྟེན་ཡོད་པ་རེད། སྐབས་རེར་ཆོས་ལུགས་ཁག་གིས་ཁོང་ཚོ་དང་ང་ཚོ་ཞེས་དབྱེ་འབྱེད་གཏོང་རྒྱུ་མང་དྲགས་ཏེ། དཀའ་རྙོག་གི་འབྱུང་ཁུངས་ཤིག་ཆགས་ཀྱི་ཡོད་ན། ང་ཚོས་ངེས་པར་འགྲོ་བ་མི་ཐེར་འབུམ་བདུན་པོ་ང་ཚོ་ཆེན་པོའི་ནང་བསྡུ་དགོས་ཀྱི་འདུག་ཅེས་བཀའ་གནང་ཡོད།
མཇལ་བཅར་བའི་ཁོངས་ནས་མི་ནཀྴི་ཐཱ་པན་གྱིས་གསུངས་ན། ནང་ཆོས་དང་ཤེས་ཡོན། གྷན་ངྷིའི་རིང་ལུགས་དེང་རབས་ཀྱི་སྤྱི་ཚོགས་སུ་ཕན་ཐོགས་ཅི་ཙམ་ཡོད་པ། དེང་སང་ཕན་ཚུན་གནོད་ཅིང་འཚེ་བ་ཚབ་ཆེན་ཡིན་ན། དེ་ལ་གདོང་ལེན་གནང་སྟངས་སོགས་སེམས་འཚབ་ཡོང་གཞི་སྐོར་ཅིག་གི་ཐད། ཁོང་ཚོས་༧གོང་ས་མཆོག་དང་ལྷན་གླེང་མོལ་གནང་བ་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་གྱི་རྡ་རམ་ས་ལ་མཐོ་སློབ་ཏུ་བྱམས་བརྩེ་དང་སྙིང་རྗེ། དཔྱད་སྒོམ་དང་འཇོག་སྒོམ་སོགས་སློབ་ཁྲིད་སྦྱོང་བརྡར་གནང་གི་ཡོད་ཅིང་། གོང་བརྗོད་༧གོང་ས་མཆོག་ལ་མཇལ་བཅར་གྱི་རྒྱ་གར་མཁས་པ་ཚོའི་ནང་སྲིད་དོན་པ་དང་། སེམས་ཁམས་རིག་པ། འཚེ་བ་མེད་པའི་ཉམས་ལེན་ཐོག་རྩོམ་བྲིས་གནང་མཁན་བཅས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།